རྒྱ་གར་གྱི་སྐབས་༡༣ པའི་སྲིད་འཛིན་འོས་འདེམས།

24/07/2012 23:48

 

 

རྒྱ་གར་གྱི་སྐབས་༡༣ པའི་སྲིད་འཛིན་འོས་འདེམས།

རྒྱ་གར་གྱི་སྐབས་༡༣ པའི་སྲིད་འཛིན་གྱི་འོས་བསྡུ་ལེགས་གྲུབ་བྱུང་ཡོད་པ་དང།  ཐེངས་འདིའི་སྲིེད་འཛིན་གྱི་འོས་མི་གཉིས་ནས་ཀོང་རེ་སིས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་པའི་མདུན་སྐྱོད་མཉམ་སྒྲིལ་ཚོགས་(UPA) པའི་འོས་མི་བགྲེས་སོང་སྐུ་ཞབས་པྭར་ནབ་མུ་ཁར་ཇི་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

ཟླ་འདིའི་ཚེས་༢༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན། དེ་ཡང་རྒྱ་གར་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་གཉིས་ནས་སྲིད་འཛིན་འོས་མི་རེ་རེ་བཏོན་ཡོད་པ་དང་། དེར་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་གོང་འོག་གཉིས་དང།  མངའ་སྡེ་སོ་སོའི་གྲོས་ཚོགས་འོག་མ།  དེ་བཞིན་རྒྱལ་ས་ལྡི་ལིས་གཙོས།  རྒྱལ་ས་ལྡི་ལིའི་ཐད་ཀར་ཁྱབ་ཁོངས་སུ་ཡོད་པའི་ས་ཁུལ་ཁག་གི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་སྲིད་འཛིན་འོས་འདེམས་བྱས་ཡོད་པ་རེད།

མངའ་སྡེའི་མི་འབོར་ལ་གཞིགས་ནས་འོས་ཤོག་གི་རིན་ཐང་ཡང་མི་འདྲ་བ་ཡོད་པ་དང་། མངའ་སྡེ་ཞིག་གི་འོས་ཤོག་རྩིས་རྒྱག་སྟངས་ནི་དེའི་མི་འབོར་གྱིོ་ཁ་གྲངས་དེ་༡༠༠༠  ལ་བགོ་དགོས།  བགོ་ལྷག་དེ་བསྐྱར་དུ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་གྲངས་འབོར་ལ་བགོ་དགོས།  མཐའ་མའི་བགོ་ལྷག་དེ་ནི་མངའ་སྡེའི་འཐུས་མི་རེ་རེའི་འོས་བསྡུའི་རིན་ཐང་(Value of vote) དེ་ཡིན་པ་རེད།  

མངའ་སྡེ་གང་རུང་ཞིག་གི་འཐུས་མི་ཞིག་གི་འོས་བསྡུའི་རིན་ཐང་དེ་མངའ་སྡེ་དེ་གའི་ཁྱོན་བསྡོམས་འཐུས་མི་གྲངས་འབོར་ལ་བསྒྱུར་ཏེ། བསྒྱུར་ཐོབ་དེ་ནི་མངའ་སྡེ་དེའི་འོས་བསྡུའི་རིན་ཐང་ཆགས་ཀྱི་ཡོད་པ་རེད།

མཐར་མངའ་སྡེ་དང་རྒྱལ་ས་ལྡི་ལིའི་ཐད་ཀར་ཁྱབ་ཁོངས་སུ་ཡོད་པའི་ས་ཁུལ་ཁག་གི་སྤྱི་ཡོངས་ཀྱི་འོས་བསྡུའི་རིན་ཐང་དེ།  རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་འབོར་དང་བགོས་ནས།  བགོ་ལྷག་དེ་གྲོས་ཚོགས་གོང་འོག་འཐུས་མི་རེ་རེའི་འོས་བསྡུའི་རིན་ཐང་ཆགས་ཀྱི་ཡོད།

ཕྱི་ལོ་༢༠༢༦  ལོར་མི་འབོར་ཞིབ་བཤེར་མ་བྱས་ཀྱི་རིང།  ད་ལྟའི་ཆར་༡༩༧༡  སྐབས་ཀྱི་མི་འབོར་ཞིབ་རྕིས་ལ་ཁུངས་གཏུགས་བྱེད་དགོས་ཀྱི་ཡོད་པ་རེད།

ད་ལྟ་རང་ལོ་༧༦  ལ་སོན་པའི་སྐུ་ཞབས་པྭར་ནབ་མུ་ཁར་ཇི་ཁོང་ཕྱི་ལོ་༡༩༣༥  ཟླ་༡༢  ཚེས་༡༡  ཉིན་ནུབ་བྷེང་གྷལ་དུ་འཁྲུངས་པ་དང།  ཆབ་སྲིད་རྭ་བའི་ནང་མ་ཞུགས་སྔོན་ཡིག་སྐྱེལ་དང།  མཐོ་སློབ་དགེ་རྒན།  དེ་བཞིན་ཁྲིམས་རྩོད་པ་དང་གསར་འགོད་པ་སོགས་ཀྱི་ཕྱག་ལས་འདྲ་མིན་གནང་།

ཕྱི་ལོ་༡༩༦༩  ལོར་ཆབ་སྲིད་ནང་ཞུགས་ནས་མཐར་༢༠༡༢  ཟླ་༦  ཚེས་༢༦  བཅས་བར་མི་ལོ་༤༢  ཧྲིལ་པོའི་བར་ཆབ་སྲིད་ཚོགས་པར་ཞུགས་སྟེ།  ཀོང་རེ་སིའི་ཆབ་སྲིད་ཚོགས་པ་དང་སྲིད་གཞུང་གཉིས་ཀྱི་ལས་ཁ་གནང་།

༡༩༨༤  ལོར་རྒྱ་གར་སྲིད་བློན་ཟུར་པ་ཨིན་རྡ་རྭ་གྷན་རྡི་དམར་གསོད་ཀྱི་དོན་རྐྱེན་རྗེས།  སྐུ་ཞབས་རྭ་ཇིབ་གྷན་རྡི་སྲིད་བློན་གྱི་ཚབ་ཏུ་བསྐོ་གཞག་བྱས་ཡོད་མོད།  འོན་ཀྱང་ཁོང་གིས་ཀོང་རེ་སི་ཚོགས་པའི་ཚོགས་མི་རྒན་ཤོས་དེ་སྲིད་བློན་དུ་བསྐོ་གཞག་དགོས་ཚུལ་གྱི་བསམ་ཚུལ་བརྗོད་པའི་རྐྱེན་གྱིས་ཀོང་རེ་སི་ཚོགས་པ་ནས་ཕྱིར་འབུད་བྱས།

དེའི་རྗེས་ལོ་ཤས་རིང་ཁོང་གིས་ཆབ་སྲིད་ཚོགས་པ་གསར་པ་ཞིག་བཙུགས།  ཕྱིས་སུ་རྭ་ཇིབ་གྷན་རྡི་དང་ཁོང་གཉིས་ཀྱི་བར་ཞི་འགྲིག་བྱུང་སྟེ།  ཁོང་གི་ཆབ་སྲིད་ཚོགས་པ་དེ་ཀོང་རེ་སི་ཆབ་སྲིད་ཚོགས་པར་ཟླ་བསྒྲིལ་བྱས་ནས་ཀོང་རེ་སིར་ཕྱིར་ལོག་གི་དགའ་སྟོན་ཟབ་རྒྱས་བྱས་ཡོད།

སྲིད་འཛིན་གྱི་འོས་མིར་བསྐོ་རྒྱུ་གཏན་འཁེལ་བྱུང་རྗེས།  དཔལ་འབྱོར་བློན་ཆེན་གྱི་ལས་ཐོག་ནས་དགོངས་ཞུ་གནང།  སྤྱིར་ཁོང་ལ་སྲིད་བློན་གནང་རྒྱུའི་མཐུན་རྐྱེན་དང་འཇོན་ཐང་ཡོངས་སུ་རྫོགས་པ་ཚང་ཡོད་ཀྱང་གོ་སྐབས་དེ་ནམ་ཡང་མ་ཐོབ།

འོན་ཏེ་ཁོང་གིས་ལོ་མང་རིང་ནས་ལྷག་བསམ་ཟོལ་མེད་ཀྱིས་ཀོང་རེ་སི་ཚོགས་པར་ཞབས་འདེགས་གཅིག་རྗེས་གཉིས་མཐུད་གནང་བའི་འབྲས་བུར།  རྒྱལ་ཁབ་ཀྱི་སྲིད་བློན་གནང་རྒྱུ་བྱུང་མེད་རུང་ད་ལན་སྲིད་འཛིན་གྱི་འོས་མིར་བསྐོས་ཡོད་པ་མ་ཟད། སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཡང་ཐོབ།  དེ་ཕྱོགས་གཅིག་ནས་ཀོང་རེ་སིའི་ངོས་ནས་ཁོང་གིས་བྱས་རྗེས་ལ་ཐུགས་རྗེ་ལེགས་འབུལ་གྱི་སྲིད་འཛིན་གྱི་བྱ་དགའ་དེ་ཕུལ་ཡོད་པ་དཔོན་འབངས་ཡོང་ནས་ངོས་འཛིན་བྱེད་ཀྱི་ཡོད།

སྲིད་འཛིན་གྱི་འོས་བསྡུར་འོས་གྲངས་༤༦༥༩  འཕངས་པའི་ཁྲོད་ནས་༨༡  རྩིས་མེད་སོང།  འོས་གྲངས་༤༥༧༨  རྩིས་འགྲོ་སོང་སྟེ།   ཁོང་ལ་འོས་བསྡུའི་བརྒྱ་ཆ་༦༩་༣  དང།  ཁ་གཏད་འོས་མིར་འོས་བསྡུའི་བརྒྱ་ཆ་༣༡་༧  བཅས་སོན་ནས་རྒྱ་གར་གྱི་སྐབས་༡༣  པའི་སྲིད་འཛིན་ཁོང་ཡིན་པ་གཏན་འཁེལ་རེད།

འདི་ཟླའི་ཚེས་༢༥  ཞོགས་པ་ཆུ་ཚོད་༡༡ ཉིན་ཁྲིམས་ཞིབ་ཆེན་མོའི་དྲུང་ནས་སྲིད་འཛིན་གྱི་དམ་བཅའ་བཞེས་རྒྱུ་ཡིན་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།