ཁ་ཆེའི་ཉེན་བརྡའི་དཀྲོག་གཏམ་སྤེལ་མཁན

21/08/2012 19:55

 

ཁ་ཆེའི་ཉེན་བརྡའི་དཀྲོག་གཏམ་སྤེལ་མཁན་འཇུ་བཟུང་བྱས་འདུག

ཉེ་ལམ་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་ཡུལ་མིར་ཁ་ཆེའི་མི་རིགས་ཀྱིས་གནོད་ཚེ་བྱེད་སྲིད་པའི་དཀྲོག་གཏམ་སྤེལ་ཡོད་པར་བརྟེན། ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་དཀྲོག་གཏམ་དེ་དང་འབྲེལ་མི་༥ ཉེན་རྟོག་པས་འཇུ་བཟུང་དང་དེ་མིན་གྱི་མི་གསུམ་བཀག་ཉར་བྱས་ཡོད་པ་རེད།

དེ་ཡང་གནས་ཚུལ་དེ་ཉེ་ལམ་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་ཡུལ་མི་ཁག་གཅིག་དང་ཉེ་འཁོར་བྷང་ལ་དེ་ཤི་ནས་ཡོང་བའི་ཁ་ཆེ་གནས་སྡོད་བྱེད་མཁན་གཉིས་བར་རྙོག་འཛིང་བྱུང་བའི་རྐྱེན་གྱིས་རྒྱ་གར་རྒྱལ་ས་ཆེ་ཁག་ནང་ཡོད་པའི་བྱང་ཤར་ཁུལ་གྱི་མི་རིགས་རྣམས་ལ་ཁ་ཆེའི་མི་རིགས་ཀྱི་གནོད་ཚེ་བྱེད་སྲིད་པའི་དཀྲོག་གཏམ་གྱི་ཉེན་བརྡ་མང་པོ་ཞིག་སྤེལ་ཡོད་པར་བརྟེན། མི་མང་པོ་ཞིག་རྒྱལ་ས་ཆེ་ཁག་ནས་ཨ་སམ་མངའ་སྡེར་ཕར་ལོགས་ཡོད་པ་དང། ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་ཁ་ཆེའི་ཉེན་བརྡའི་དཀྲོག་གཏམ་དེ་དང་འབྲེལ་མི་༥ ཉེན་རྟོག་པས་འཇུ་བཟུང་དང་དེ་མིན་གྱི་མི་གསུམ་བཀག་ཉར་བྱས་ཡོད་པ་རེད།

དཀྲོག་གཏམ་དེ་དང་དུས་མཚུངས་སུ་ནང་པ་ཚོས་ཁ་ཆེ་མི་གསོད་ཀྱི་ཡོད་པའི་དཀྲོག་གཏམ་ཞིག་ཀྱང་སྤེལ་བ་མ་ཟད། བོད་ནང་གི་ཡུལ་ཤུལ་ས་གནས་སུ་ས་ཡོམ་སྐབས། མི་མང་འདས་གྲོངས་སོང་བའི་ཕུང་པོ་ཁ་ཆེ་བསད་པའི་ཕུང་པོ་རེད་ཅེས་བཀྲམ་པར་བརྟེན། བོད་པ་ཚོ་ཡང་སྡོད་བཟོད་མ་བདེ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཇཱག་དྷི་ཤི་ཤི་ཊར་གྱིས་ཉེན་བརྡའི་དཀྲོག་གཏམ་དེ་དང་འབྲེལ་ད་དུང་མི་མང་པོ་ཞིག་ཡོད་པ་དང་། དེ་རྣམས་རེ་རེ་བཞིན་འཇུ་བཟུང་བྱ་རྒྱུ་ཡིན་པ་དང། མངའ་སྡེ་གཞུང་ནི་བྱང་ཤར་ཁུལ་གྱི་ཡུལ་མི་མཉམ་དུ་ཡོད་ཅེས་འགྲེལ་བརྗོད་གནང་འདུག

དེ་མ་ཟད་མངའ་སྡེ་ནང་སྲིད་ལས་ཁུངས་ནས་ཀྱང་ཉེན་རྟོག་པ་དང་གསང་བའི་ལས་བྱེད་མི་སྣ་རྣམས་ལ་ཉེན་བརྡའི་དཀྲོག་གཏམ་དེ་རིགས་ཁ་པར་བརྒྱུད་དང་། དྲ་ཐོག་གཞན་སོགས་སྤྱིར་བཏང་བརྒྱུད་ལམ་ཁག་ཏུ་བཀག་འགོག་ཡོང་ཐབས་ཀྱི་བཀའ་རྒྱ་གཏང་ཡོད་སྐོར་བརྗོད་འདུག

ཉེན་བརྡེའི་དཀྲོགས་གཏམ་དེ་མེད་པ་བཟོ་ཕྱིར་ཉིན་བཅོ་ལྔའི་རིང་ལག་ཐོག་ཁ་པར་ནས་ཡི་གི་སྡེབས་གཏོང་ (Bulk SMS) བྱ་རྒྱུ་དང་བརྙན་པར་བརྗེ་རེས་ (MMS) བྱ་རྒྱུ་བཀག་འགོག་ཀྱང་བྱས་འདུག

ཁ་ཆེ་མི་རིགས་ཚོའི་ཉེན་བརྡའི་དཀྲོག་གཏམ་ཡོད་སྐོར་དེའི་རྐྱེན་པས་ཕྱི་ཚེས་༡༥ ནས་ ༡༧ བར་ཉིན་གསུམ་གྱི་རིང་བྷེང་ལོར་ནང་ཡོད་པའི་བྱང་ཤར་ཡུལ་མི་ ༢༥༠༠༠ ཙམ་ཕྱིར་ལོག་ཡོད་པ་དང་ད་དུང་བྱང་ཤར་གྱི་མི་རིགས་མང་པོ་ཞིག་རྒྱ་གར་གྱི་རྒྱལ་ས་པུ་ནེ་དང་། ཧེ་དར་བ་ཏི། ཅེ་ན་ཡེ་སོགས་ནས་ཀྱང་ཕྱིར་ལོགས་ཡོད་པ་རེད།

རྒྱ་གར་དབུས་གཞུང་གིས་ཁ་ཆེའི་ཉེན་བརྡའི་དཀྲོག་གཏམ་དེ་ཚབས་ཆེན་ཞིག་ཏུ་བརྩིས་ཏེ་ཁ་སང་གཟའ་ལྷག་པའི་ཉིན་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་པ་དང། རྒྱ་གར་སྲིད་བློན་སྐུ་ཞབས་མན་མོ་ཧན་སིང་གཙོས་གྲོས་ཚོགས་འཐུས་མི་ཚང་མས་ཁ་ཅིག་གྲགས་ཀྱིས་དེར་སྐྱོན་བརྗོད་དང་བྱང་ཤར་ཁུལ་གྱི་ཡུལ་མིའི་བདེ་འཇགས་སྲུང་སྐྱོབ་དགོས་པ་གལ་ཆེན་ཞིག་ཏུ་བརྩི་དགོས་སྐོར་གསུངས་འདུག

རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་གསུང་བཤད་གནང་སྐབས། སྲིད་བློན་མན་མོ་ཧན་སིང་མཆོག་གིས་གསུངས་དོན། “རྒྱ་གར་བྱང་ཤར་ཁུལ་གྱི་ཡུལ་མི་ཚོ་སྐྱོབ་དགོས་པ་དེ་ང་ཚོའི་འོས་འགན་རེད། ངས་གང་ཐུབ་ཅི་ནུས་ཀྱིས་ང་ཚོའི་བྱང་ཤར་ཁུལ་གྱི་མི་སེར་རྣམས་རྒྱ་གར་གྱི་ས་ཕྱོགས་གང་དུ་ཡོད་ཀྱང་ཞི་བདེ་ལྷིང་འཇགས་ངང་གནས་སྡོད་བྱེད་ཐུབ་པའི་འབད་བརྩོན་བྱེད་རྒྱུ་ཡིན་”ཅེས་དང་། མུ་མཐུད་ཁོང་གིས་ “གནད་དོན་དེ་ནི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་འགོག་རྐྱེན་བཟོ་རྒྱུའི་ཉེན་ཁ་ཅན་ཞིག་རེད། དེར་བརྟེན་དཀའ་རྙོག་དེར་གདོང་ལེན་བྱ་རྒྱུ་ཆབ་སྲིད་ཚོགས་པ་གཅིག་གི་འོས་འགན་མིན་པར་འཐུས་མི་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ཉེན་བརྡ་དེའི་རིགས་མེད་པ་བཟོ་རྒྱུ་དང་ཕྱིན་ཆད་ཡང་མི་ཡོང་བའི་འབད་བརྩོན་བྱེད་དགོས་པ་རེད།”ཅེས་གསུངས་ཡོད་པ་རེད།

ཉེ་སྔོན་བདུན་ཕྲག་ནང་ཨ་སམ་ནང་གི་གྲངས་ཉུང་མི་རིགས་ཤིག་དང་མཐའ་མཚམས་བྷང་ལ་དྷེ་ཤི་ནས་ཡིན་པའི་ཁ་ཆེ་བར་འཁྲུག་འཛིང་བྱུང་བར་བརྟེན། རྒྱ་གར་ནང་ཡོད་པའི་ཁ་ཆེའི་མི་རིགས་རྣམས་དངངས་འཚབ་ཆེན་པོ་དང་ཁོང་ཁྲོ་ལངས་རྐྱེན་དུ་གྱུར་ཡོད་པ་རེད། འཁྲུག་འཛིང་དེའི་ནང་མི་༧༥ བསད་ཡོད་པ་དང་མི་འབུམ་བཞི་ཙམ་བྲོས་འབྱོལ་དུ་འགྲོ་དགོས་པ་བྱུང་ཡོད་པས་མི་མང་ལ་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་ནང་བྱང་ཤར་ནས་ཡིན་པའི་སློབ་མ་དང་ལས་ཀ་བྱེད་མཁན་མི་གྲངས་༣༤༠༠༠༠ ཙམ་ཡོད་པ་དང་། དེ་ལས་བྷེང་ལོར་རྒྱལ་ས་གཅིག་པུའི་ནང་མི་གྲངས་ ༢༤༠༠༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་རེད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།