བོད་ཡིག་ལ་བཟོ་ལྟ་འདྲ་མིན་བཟོས་ཏེ་འཕྲོ་བརླག་གཏོང་ཉེན་འདུག

22/07/2012 21:03

 

བོད་ཡིག་ལ་བཟོ་ལྟ་འདྲ་མིན་བཟོས་ཏེ་འཕྲོ་བརླག་གཏོང་ཉེན་འདུག

སུད་སི་བོད་རིགས་ཚོགས་པའི་སློབ་གྲྭའི་འགན་འཛིན་མགོན་པོ་རྣམ་རྒྱལ་རྡོ་ཆུང་ལགས་ཀྱིས། སུད་སིར་གནས་སྡོད་བོད་མི་ཁག་ཅིག་གི་བྱིས་པ་ ༡༥ ཙམ་ཁྲིད་དེ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཡིག་བོད་སྐད་སྦྱང་དུ་ཡོང་ཡོད་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་བཅར་འདྲི་ཞུས་ཡོད།

དྲི་བ། ཐོག་མར་སྐུ་ཉིད་ཀྱིས་སོ་སོ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་མགོན་པོ་རྣམ་རྒྱལ་རྡོ་ཆུང་ཟེར། ༡༩༤༦ ལོར་ལྷོ་ཁ་ཙ་རི་དག་པ་ཤེལ་གྱི་རི་ཞེས་པའི་ཡུལ་དེར་སྐྱེས་ཤིང་། སྐབས་དེ་དུས་ང་ཚོའི་ལུང་པའི་ནང་སློབ་གྲྭ་མེད་སྟབས། ཆུང་དུས་ཕྱུག་ཟོག་གི་རྗེས་ནས་འཚར་ལོངས་བྱུང་བ་ཡིན། རྗེས་སུ་རྒྱ་མིས་བཙན་འཛུལ་འོག་༸གོང་ས་མཆོག་རྒྱ་གར་དུ་ཕེབས་པ་ཐོས་ཏེ། ༡༩༥༩ ལོ་མཇུག་ཙམ་ལ་རྒྱ་གར་ཨ་སམ་ནང་བཙན་བྱོལ་དུ་ཡོང་བ་རེད། སྐབས་དེར་མི་མང་པོར་ཚ་བ་བརྒྱབ་སྟེ་གྲོད་ཁོག་བཤལ་བ་སོགས་ཀྱི་དཀའ་ངལ་བྱུང་སྟབས། ངའི་ཕ་ལགས་ཀྱིས་འཚོ་བ་རང་སྐྱོང་གི་ལག་དེབ་བཟོས་ནས་ཀ་སྦུག་ལ་ཕྱིན་ཏེ། དེ་གར་ང་རང་སའི་ཁའོ་ཌི་ཤཱི་ཉིན་མོའི་སློབ་གྲྭར་བསྐྱལ་ཏེ་ལོ་གཅིག་ལ་སློབ་སྦྱོང་བྱས་པ་དང་། དེའི་རྗེས་དར་རྒྱས་གླིང་སློབ་གྲྭར་བསྐྱོད་དེ་ལོ་འགའ་ཤས་རིང་སློབ་སྦྱོང་བྱས་མཐར། བོད་གཞུང་ཟློས་གར་ཚོགས་པའི་ནང་ཞུགས་པ་ཡིན། སྐབས་དེར་ངའི་ཕ་མ་གཉིས་སིམ་ལར་ལམ་བཟོ་བར་བསྐྱོད་ཡོད་སྟབས། ༡༩༦༣ ཙམ་ལ་སུད་སི་རྒྱ་གྲམ་དམར་པོ་ཚོགས་པ་སིམ་ལར་ཡོང་སྟེ། བོད་མི་ལམ་བཟོ་བ་རྣམས་སུད་སིར་འཐེན་སྐབས། ངའི་ཕ་མ་གཉིས་ཀྱང་སུད་སིར་བསྐྱོད་པ་རེད། ལོ་འགའི་རྗེས་སུ་ང་རང་ཡང་ཕ་མའི་རེ་སྐུལ་ལྟར་སུད་སིར་ཕྱིན་པ་ཡིན། དེ་དུས་ང་ལོ་ ༡༧ ཙམ་རེད། སུད་སིར་ཟློས་གར་ཚོགས་པ་བཙུགས་སྐབས་ང་རང་མཉམ་ཞུགས་བྱས་ཏེ། ཐོག་མའི་ལོ་༡༠ རིང་དགེ་རྒན་གྱི་ལས་ཀ་དང་། རྗེས་སུ་རིམ་པའི་ལོ་ ༡༢ རིང་ཚོགས་གཞོན་དང་། ལོ་ ༦ ཙམ་ལ་ཚོགས་གཙོའི་ལས་ཀ་བྱས་ཏེ། ཁྱོན་ལོ་ ༣༠ རིང་སུད་སིའི་ཟློས་གར་ཚོགས་པའི་ནང་ཞབས་ཞུ་བསྒྲུབས་པ་ཡིན། རྗེས་སུ་ཚོགས་པ་ལས་དགོངས་ཞུས་པ་ཡིན། ཡིན་ནའང་། ང་རང་སྡོད་སའི་ཚོགས་ཆུང་མི་མང་གི་རེ་སྐུལ་ལྟར། ད་ལྟའི་བར་སྒྲ་སྙན་དང་རོལ་ཆ་སོགས་སློབ་ཁྲིད་ཀྱི་འགན་འཁུར་བ་ཡིན། 

དྲི་བ། ཁྱེད་རང་ཐེངས་འདིར་ཆེད་དུ་ངྷ་རམ་ས་ལར་ཡོང་དོན་གང་ཡིན་པ་དང་། དེང་སྐབས་སུད་སིའི་ནང་བོད་ཡིག་ཁྲིད་སྤེལ་བྱེད་སའི་སློབ་གྲྭ་ག་ཚོད་ཡོད་དམ།

ལན། ད་ལོ་སྐབས་བཅོ་ལྔ་པའི་སུད་སི་བོད་མིའི་འཐུས་མི་འོས་འདེམས་སྐབས་ང་རང་འཐུས་མིའི་ནང་བདམས་ཐོན་བྱུང་བ་མ་ཟད། སྤྱི་མོས་ཐོག་སུད་སི་བོད་ཡིག་སློབ་གྲྭའི་འགན་འཛིན་དུ་བསྐོས་སོང་། ང་རང་སྤྱི་ཁྱབ་འགན་འཛིན་ཡིན་པའི་ངོས་ནས་ད་ལོ་བྱིས་པ་ ༡༥ ཁྲིད་དེ་འདིར་ཡོང་བ་ཡིན། འགྲོ་སོང་ཆ་ཚང་རང་ངོས་ནས་བཏང་སྟེ། སོ་ལོ་ཌོན་ས་གནས་ཀྱི་འགན་འཛིན་ཨ་ཅ་པདྨ་ལགས་ཀྱིས་རོགས་རམ་ཐོག་ངེད་གཉིས་ཡོང་ཡོད། སྔོན་ཆད་ཨོར་གྷན་དང་འཛུ་རིག ར་པ་སུན་སོགས་ཚོགས་ཆུང་ཆེ་ཁག་འགའི་ནང་སློབ་གྲྭ་རེ་ཡོད་པ་མ་གཏོགས། ཚོགས་ཆུང་གཞན་པའི་ནང་སློབ་གྲྭ་ཡོད་པ་མ་རེད། ད་ལྟ་ངའི་ལག་ཏུ་སོན་པའི་མིང་ཐོའི་ནང་ད་ལྟའི་ཆར་སུད་སིར་བོད་རིགས་ཚོགས་ཆུང་ ༢༣ ཡོད་པ་དང་། དེ་དག་ནང་བོད་ཡིག་སློབ་གྲྭ་ ༡༨ ཙམ་ཡོད་ལ། ནམ་རྒྱུན་ཚོགས་འདུར་མཉམ་ཞུགས་ཀྱིས་འགན་འཁྱེར་མཁན་ཚོགས་ཆུང་ ༡༤ འདུག

དྲི་བ། སློབ་སྦྱོང་གི་དུས་ཡུན་ཐུང་ཐུང་རེད། དུས་ཚོད་འདིའི་རིང་ཕྱི་རྒྱལ་ཁག་ནས་ཕེབས་པའི་བོད་རིགས་ཕྲུ་གུ་ཚོར་ཕན་སྐྱེད་གང་འདྲ་ཞིག་འབྱུང་བར་རེ་བ་རྒྱག་གི་ཡོད་དམ།

ལན། བྱིས་པ་ཚོ་འདིར་བདུན་ཕྲག་གསུམ་དང་ཕྱེད་ཀ་ཙམ་གྱི་དུས་ཚོད་ཐུང་ཐུང་ནང་། བོད་པའི་ཡུལ་སྲོལ་གོམས་གཤིས་དང་། བོད་སྐད་དང་བོད་ཡིག་བཅས་ཤེས་རྟོགས་ཡག་པོ་ཞིག་ཡོང་ཐུབ་རྒྱུ་རེད་བསམ་ཀྱི་མི་འདུག ཡིན་ནའང་། འདིར་༸གོང་ས་མཆོག་ལ་མཇལ་ཁ་ཞུ་བ་དང་། དྷ་རམ་ས་ལའི་བོད་པའི་གནས་སྟངས། བོད་ཁྱིམ་སློབ་གྲྭའི་འཚོ་བ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་བཅས་ལ་རྒྱུས་ལོན་ཏོག་ཙམ་གནང་ཐུབ་རྒྱུ་རེད། ང་ཚོས་འདིར་བྱིས་པ་ ༡༥ བསྐྱལ་བའི་ནང་མ་མཐའ་ཡང་གཉིས་གསུམ་ཙམ་ལ། བོད་པའི་རིག་གཞུང་དང་སྐད་ཡིག་ཐད་དོ་སྣང་ཡག་པོ་བསླེབ་སྲིད་པ་རེད། དེ་མ་གཏོགས་ཚང་མར་དོ་སྣང་ཆེན་པོ་ཡོང་རྒྱུ་ཁག་པོ་རེད། ཡིན་ནའང་། བག་ཆགས་ཤིག་ཏན་ཏན་སླེབས་ཡོང་གི་རེད། ཁོར་ཡུག་འདིར་གང་དུ་ཕྱིན་ཀྱང་ཚང་མས་བོད་སྐད་བཤད་ཀྱི་ཡོད་པ་རེད། ད་ལྟའི་ཆར་ཁོ་ཚོའི་བསམ་བློའི་ནང་སླེབས་པའི་བག་ཆགས་འདི་དག། ཁོ་ཚོའི་མི་ཚེ་ནང་བརྗེད་ཐབས་མེད་པ་ཞིག་ཆགས་རྒྱུ་རེད་བསམ། ལྷག་པར་དུ་ཐེངས་གཉིས་རེར་ཕེབས་མཁན་ཚོར་སྔར་ལས་ལྷག་པའི་བག་ཆགས་ཟབ་མོ་འབྱུང་གི་རེད། ན་ནིང་ངས་སྒེར་ངོས་ནས་བྱིས་པ་ ༤ འཁྲིད་ཡོང་བ་ཡིན། ད་ལོའི་བྱིས་པ་ ༡༥ ནང་ལ་སྔར་ལོའི་བྱིས་པ་ ༤ དེ་ཡང་བསྐྱར་དུ་ཁྲིད་ཡོད།

དྲི་བ། ད་ལྟའི་ཆར་སུད་སིའི་ནང་བོད་པའི་སྐད་ཡིག་རིག་གཞུང་གི་གནས་བབ་གང་འདྲར་མཐོང་གི་ཡོད་དམ།

ལན། ད་ལྟའི་དུས་སྐབས་འདིར་སྔར་དང་བསྡུར་ན་ཡར་རྒྱས་ཡོང་གི་འདུག་ལ། སུད་སིར་སྡོད་མཁན་བོད་པའི་གྲངས་འབོར་ཡང་མང་དུ་འགྲོ་བཞིན་འདུག དང་ཐོག་རྒྱ་གྲམ་དམར་པོ་ཚོགས་པས་བོད་མི་ ༨༠༠ ཙམ་སུད་སིར་འཐེན་པ་དང་། དེའི་སྒང་ལ་ཆང་ས་སོགས་བརྒྱུད་ནས་བོད་མི་ ༢༠༠ ཙམ་འབྱོར་བ་རེད། ད་ལྟའི་ཆར་བོད་མི་ ༥༠༠༠ མ་ཟིན་ཙམ་འདུག སུད་སིའི་ཁ་རྒྱུན་ལ་ཆུ་ཚོད་གསུམ་བཞི་རིང་མོ་ཊ་བཏང་ན་རྒྱལ་ཁབ་ཀྱི་མཐའ་ལ་སླེབས་ཐུབ་ཟེར་སྲོལ་ཡོད་པ་རེད། ལུང་པ་ཆུང་ཆུང་དེ་འདྲ་ཞིག་གི་ནང་བོད་མི་གྲངས་འབོར་འདི་འདྲ་ཞིག་སླེབས་ཡོང་དུས། རང་བཞིན་གྱིས་སོ་སོའི་རིག་གཞུང་རྒྱུན་འཛིན་ཐད་ཡར་རྒྱས་ཡོང་གི་རེད། ལྷག་པར་དུ་ཕྱིས་སུ་འབྱོར་མཁན་ཚོ་བོད་ཡིག་བོད་སྐད་ཡག་པོ་འདུག བོད་པའི་ནང་ཆོས་དང་བོད་སྐད། བོད་ཡིག་སོགས་ཕྱོགས་གང་ཅིའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་འདུག ད་ལོའི་༸གོང་ས་མཆོག་གི་འཁྲུངས་ཉིན་ལྟ་བུར་མཚོན་ནའང་ཧ་ལམ་མི་ ༢༠༠༠ ལྷག་འཛོམས་འདུག 

དྲི་བ། སུད་སིའི་ནང་བོད་སྐད་ཡིག་རྒྱུན་འཛིན་དང་གོང་སྤེལ་ཐོག མི་རབས་གསར་རྙིང་གཉིས་བར་ཁྱད་པར་གང་འདྲ་འདུག་གམ། 

ལན། ང་ཚོ་སྔོན་མ་འབྱོར་མཁན་ཚོར་མཚོན་ན། ཕ་མ་ཁ་ཤས་ལ་རྒྱ་གར་ནང་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་ཡོད་ཀྱང་། སློབ་སྦྱོང་མཐའ་འཁྱོལ་བོ་ཞིག་བྱུང་མེད་སྟབས། ཕར་སུད་སིར་བསླེབས་རྗེས་ལྟོ་གོས་ཐོག་མགོ་འཁོར་ཏེ། བར་སྐབས་ཤིག་ལ་བྱིས་པ་ཚོར་བོད་སྐད་དང་བོད་ཡིག་བསླབ་ན་ཕན་ཐོགས་མི་འདུག་བསམ་པའི་གནས་སྟངས་ཆགས་པ་རེད། གཞན་དབང་དང་དུས་ཚོད་ཀྱི་རྐྱེན་པས་སོ་སོའི་རིག་གཞུང་ཏོག་ཙམ་ཉམས་ཆག་ཕྱིན་ཡོད་པ་རེད། ལོ་ན་ ༣༠ ནས་༤༠ བར་གྱི་མི་རབས་དེ་ཚོར་མཚོན་ན་བོད་དོན་ཐད་ཕྱག་ལས་གནང་གི་ཡོད་ཀྱང་སེམས་ཤུགས་ཆེན་པོ་མེད་པའི་བཟོ་འདྲ་ཞིག་ཡོད་པ་རེད། དེང་སྐབས་ཕ་མ་ཚོའི་བསམ་བློ་འཁྱེར་སྟངས་ལའང་འགྱུར་ལྡོག་ཕྱིན་ཏེ། སོ་སོའི་བྱིས་པར་བོད་སྐད་དང་བོད་ཡིག་སློབ་དགོས་པའི་བསླབ་བྱ་རྒྱག་གི་ཡོད་པ་རེད་ལ། དེ་བཞིན། གཞོན་སྐྱེས་ལོ་ ༣༠ མར་འདབས་རྣམས་སོ་སོ་རང་ངོས་ནས་ཀྱང་སེམས་ཤུགས་ཧ་ལས་པའི་ཆེན་པོ་འདུག རྒན་རབས་པ་མང་པོས་ཀྱང་དེ་ཧ་ཅང་ཡག་པོ་འདུག་ཅེས་ལབ་ཀྱི་ཡོད་པ་རེད། 

དྲི་བ། སྐུ་ཉིད་ཀྱིས་སུད་སིའི་ཟློས་གར་ཚོགས་པའི་ནང་ཕྱག་ལས་རྒྱུན་རིང་གནང་མྱོང་སྟབས། དེའི་སྐོར་ངོ་སྤྲོད་རགས་ཙམ་གནང་རོགས།

ལན། སུད་སི་ཟློས་གར་ཚོགས་པ་དེ་ལས་ཞོར་ཚོགས་པ་རེད། ཚོགས་པའི་ངོས་ནས་འགྲོ་གྲོན་ཕྲན་བུ་གཏོང་གི་ཡོད་པ་མ་གཏོགས། ལས་ཀ་བྱེད་མཁན་ཚང་མར་གླ་ཆ་མེད་པར་འགན་རང་འཁུར་གྱིས་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད། ང་རང་འགན་འཛིན་དང་ཚོགས་གཞོན་གནང་བའི་སྐབས་སུ། ཨོ་སི་ཊི་ལི་ཡ་དང་འཇར་མན། ཧོ་ལན། དབྱིན་ཡུལ། ཨི་ཊ་ལི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཐེངས་མང་བསྐྱོད་དེ། བོད་པའི་རིག་གཞུང་འཁྲབ་སྟོན་བྱས་པ་ཡིན། དེ་བཞིན། འཁྲབ་སྟོན་ཡག་པོ་ཡོང་མིན་དེ་འཁྲབ་ཆས་གལ་ཆེན་པོ་ཆགས་ཡོད་སྟབས། ཟློས་གར་ཚོགས་པའི་འཁྲབ་ཆས་ཡར་རྒྱས་གང་ལེགས་བཏང་ཡོད། དེང་སྐབས་ང་རང་ཟློས་གར་ཚོགས་པའི་ནང་མེད་སྟབས། ཕྱི་ལོགས་ལ་འཁྲབ་སྟོན་དུ་འགྲོ་ཐུབ་ཀྱི་ཡོད་མེད་གསལ་བོ་ཤེས་མ་སོང་། 

དྲི་བ། ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཟློས་གར་ཚོགས་པ་ཞིག་ལ་མཚོན་ན། མང་ཆེ་བ་ཕྱི་རྒྱལ་མི་རིགས་ཚོར་འཁྲབ་སྟོན་གཟིགས་འབུལ་གནང་དགོས་སྟབས། ཕྱི་རྒྱལ་བ་ཚོས་བོད་པའི་ཟློས་གར་རིགས་ལ་དོ་སྣང་གང་འདྲ་འདུག་གམ།

ལན། རྒྱབ་སྐྱོར་དང་དོ་སྣང་ཡག་པོ་གནང་གི་འདུག དཔེ་མཚོན་ཙམ་ཞུས་ན། སྔོན་མ་ང་རང་དབུ་འཛིན་སྐབས་ལ་ལོན་ཌོན་དུ་ལོ་ ༢༢ འཁོར་བའི་སི་ཐི་མཱོན་ཟེར་བའི་དུས་སྟོན་ཞིག་གི་ཐོག་མགྲོན་འབོད་ཞུས་པ་ལྟར་ཕྱིན་པ་ཡིན། དུས་སྟོན་དེར་རྒྱལ་ཁབ་ཁག་འདྲ་མིན་གྱི་འཁྲབ་སྟོན་གནང་སོང་ལ། བོད་པའི་གཞས་སྣ་འཁྲབ་སྟོན་ལ་དོ་སྣང་དང་དགའ་བསུ་ཤུགས་ཆེན་གནང་གི་འདུག ལྷག་པར་དུ་སྐབས་དེར་རང་བཙན་རྒྱལ་ཁབ་མང་པོའི་རྒྱལ་དར་གྱི་གྲས་སུ། བོད་པའི་རྒྱལ་དར་ཡང་སྒྲིག་བཤམས་བྱེད་ཐུབ་པ་བྱུང་བར་བརྟེན། སོ་སོའི་སེམས་སུའང་དགའ་སྤོབས་ཆེན་པོ་བྱུང་། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། དེང་སྐབས་སྔར་ལས་ལྷག་པར་ཕྱིའི་རྒྱལ་ཁབ་ཁག་གིས་བོད་པའི་རིག་གཞུང་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་རེད།

དྲི་བ། སུད་སིར་ཡོད་པའི་བོད་རིགས་དག་ལ་མཚོན་ན། ནམ་རྒྱུན་སོ་སོའི་ནང་དུ་ཕྲུ་གུ་ཚོ་དང་མཉམ་དུ་བོད་སྐད་བེད་སྤྱོད་གཏོང་གི་ཡོད་པ་རེད་དམ།

ལན། ཁྱིམ་ཚང་ནང་ལའང་ཁྱིམ་ཚང་འདྲ་མིན་ཡོད་པ་རེད། ང་རང་ཉིད་ལ་བྱིས་པ་གཉིས་ཡོད། སོ་སོའི་ནང་དུ་བོད་སྐད་རྐྱང་པ་མ་གཏོགས་འཇར་མན་སྐད་ཤོད་ཀྱི་མེད། ཡིན་ནའང་། ཕར་བོད་སྐད་བཤད་ཀྱང་བྱིས་པའི་ཚུར་འཇར་མན་སྐད་ལབ་ཡོང་གི་འདུག ནམ་རྒྱུན་ཚུར་བོད་སྐད་ཀྱིས་ལན་འདེབས་དགོས་ཞེས་བཙིར་གྱི་ཡོད། འོན་ཀྱང་། བྱིས་པ་རང་ངོས་ནས་བོད་སྐད་ཡིན་བསམ་པའི་ཐོག་ནས་འཇར་མན་སྐད་མང་པོ་བརྒྱབ་ཡོང་གི་འདུག ཁྱིམ་ཚང་ནང་ཕ་མ་ཁ་ཤས་དཔལ་འབྱོར་ལ་མགོ་འཁོར་བ་དང་། བྱིས་པར་སོ་སོའི་སྐད་ཡིག་སློབ་རྒྱུ་སྣང་མེད་བྱས་ཏེ། ཕར་བྱིས་པར་འཇར་མན་སྐད་ཐབས་ཆག་ཅིག་བཤད། བྱིས་པས་ཀྱང་ནམ་རྒྱུན་འཇར་མན་སྐད་རྐྱང་བ་བཤད་བསྡད་པའི་གནས་སྟངས་ཁ་ཤས་ཡོང་གི་འདུག

དྲི་བ། ད་ཆར་སུད་སིའི་ནང་བོད་ཡིག་སློབ་གྲྭ་སྐོར་ཞིག་ཡོད་པ་དེ་དག་ནང་། བོད་ཡིག་གི་སློབ་ཐུན་ཇི་ལྟར་གོ་སྒྲིག་ཞུས་ཡོད་དམ།

ལན། ཚོགས་ཆུང་སོ་སོའི་ནང་འགའ་ཤས་ཀྱིས་གཟའ་སྤེན་པ་གཉིས་པ་དང་། ཁག་ཅིག་གིས་གཟའ་སྤེན་པ་དང་ལྷག་པའི་ཉིན་བོད་ཡིག་འཛིན་གྲྭ་གོ་སྒྲིག་བྱེད་བཞིན་འདུག ཡིན་ནའང་། སློབ་གྲྭ་གཅིག་པུར་རེ་བ་བརྒྱབ་བསྡད་པ་ཡིན་ན། བདུན་ཕྲག་རེའི་ནང་དུས་ཡུན་ཆུ་ཚོད་གཉིས་གསུམ་ཙམ་ལས་མེད་སྟབས་ཕན་ཐོགས་ཆེན་པོ་ཡོང་ཁག་པོ་རེད། གཙོ་ཆེ་ཤོས་ནང་དུ་ཕ་མས་བྱིས་པར་བདུན་ཕྲག་རེའི་ནང་ག་རེ་ཁྲིད་ཡོད་མེད་དང་། བྱིས་པའི་ངོས་ནས་བསྐྱར་སྦྱོང་བྱས་ཡོད་མེད་བཅས་ཀྱི་ཐད་ལྟ་རྟོག་བྱས་ཏེ། དུས་རྒྱུན་བྱིས་པར་སྐུལ་འདེད་བྱ་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། ཕྱི་རྒྱལ་སློབ་གྲྭའི་སློབ་ཚན་འཐུས་ཤོར་མ་འགྲོ་བ་ཞིག་དགོས་པ་རེད། ཡང་ཕ་མ་ཁ་ཤས་ཀྱིས་ཕྲུ་གུར་གནོན་ཤུགས་ཆེན་པོ་སྤྲད་པ་ཡིན་ན། ཁོ་ཚོ་སུན་སྣང་སྐྱེས་ཡོང་གི་འདུག བྱིས་པར་སློབ་སྦྱོང་བྱ་འདོད་མེད་པ་ཆགས་ཚེ། ཕན་ཚུན་གཉིས་ཆར་གྲུབ་འབྲས་མ་ཐོན་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད།

དྲི་བ། སུད་སིའི་བོད་རིགས་མི་མང་གི་སྒྲིག་འཛུགས་སམ། འཐུས་མིའི་ངོས་ནས་མ་འོངས་པར་ཕྲུ་གུ་ཚོར་བོད་ཡིག་བོད་སྐད་ཡར་རྒྱས་གཏོང་རྒྱུའི་ལས་གཞི་གང་དག་ཡོད་དམ།

ལན། ང་ཚོ་སུད་སིར་ཡོད་པའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱིས་དམིགས་ཡུལ་ཞིག་བཟུང་དེ་ང་འདིར་དོན་དག་ཞིག་བསྒྲུབ་ཏུ་ཡོང་བ་ཡིན། སྔོན་མ་ཤེས་རིག་པར་ཁང་ནས་བཏོན་པའི་འཛིན་གྲྭ་གཉིས་པ་ནས་བརྒྱད་པའི་བར་གྱི་ཀློག་དེབ་དེ་གཞི་ལ་བཞག་ནས། དགེ་རྒན་ཚད་ལྡན་ཞིག་གིས་ཁྲིད་ཀློག་བྱས་ཏེ། འོད་སྡེར་ཌེ་ཝེ་ཌེ་(DVD)ཞིག་བཟོ་དགོས་ཀྱི་འདུག འོད་སྡེར་བཟོས་ཏེ་ཀློག་དེབ་དང་མཉམ་དུ་སྦྱར་ནས་འགྲེམས་ཐུབ་པ་ཡིན་ན། བོད་ཕྱི་ནང་གཉིས་དང་། ཡུ་རོབ་སོགས་ཕྱི་རྒྱལ་ཁག་གི་བོད་པའི་བྱིས་པ་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེའི་ཐད་ང་ད་ཐེངས་ཤེས་རིག་ལས་ཁུངས་ནང་བཅར་བ་ཡིན། ཤེས་ཪིག་དྲུང་ཆེ་ལགས་ཀྱིས་ཞལ་བཞེས་གནང་སོང་། དེ་བཞིན། འབྲེལ་ཡོད་ལས་བྱེད་གཞན་དག་གིས་ཀྱང་དེའི་ཐད་ཕྱག་ལས་ཡག་པོ་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་། ད་ཐེངས་ཀྱི་ལས་གཞི་དེའི་ཐད་ང་ཚོ་སུད་སི་འགན་འཛིན་ལྷན་ཚོགས་ཀྱི་ངོས་ནས་དངུལ་ཕྲན་བུ་ཡར་ཕུལ་ཚར་ཡིན། མ་འོངས་པར་འོད་སྡེར་དེ་སྤུས་དག་པོ་ཞིག་འཐོན་ཐུབ་པར་རེ་བ་རྒྱག་གི་ཡོད། དེ་གང་ཡིན་ཟེར་ན། སྤྱིར་བཏང་གསར་གཏོད་ཡག་པོ་རེད་དེ། དེང་སྐབས་བོད་ཀྱི་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་ལ་བསྒྱུར་བཅོས་འདྲ་མིན་གཏོང་གི་འདུག སྟབས་བདེ་བཟོས་པའི་ཁུལ་རེད། ཡིན་ནའང་རྗེས་མ་བོད་ཡིག་ཐབས་ཆག་ཅིག་ཆགས་རྒྱུའི་ཉེན་ཁ་ཏན་ཏན་འདུག

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་པར་སྤྱིའི་འདོན་ཐེངས་ ༥༦༡ ལས་འདིར་བདམས་བཀོད་བྱས།༽

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།