སློབ་གྲྭ་སྒོ་བརྒྱབས
སྒེར་གཉེར་སློབ་གྲྭ་སྒོ་བརྒྱབས་པ།
བོད་ཀྱི་དུས་བབ།
རྒྱ་གཞུང་གིས་ནག་ཆུ་ས་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་གཉིས་སྒོ་རྒྱག་ཏུ་བཅུག་འདུག
ཕྱི་ཚེས་ ༢༢ ཉིན་གནས་ཚུལ་འབྱོར་བ་ལྟར་ན། ༡༩༩༧ ལོར་ལྷ་སའི་ནག་ཆུ་ས་ཁུལ་སྤེ་རོའུ་རྫོང་གི་མཁན་པོ་བློ་
བཟང་སྙན་གྲགས་ལགས་ཀྱིས་ནག་ཆུ་རྫོང་པད་དགའ་ཞང་གི་ཉེ་འགྲམ་དུ་པད་དགའ་ཤེས་རིག་སློབ་གྲྭ་ཞེས་པའི་
སློབ་གྲྭ་ཞིག་སྒེར་ངོས་ནས་གསར་འཛུགས་གནང་ཡོད་པ་དང་། དེ་ཡང་མཁན་པོ་མཆོག་གིས། ཡུལ་དེའི་འབྲོག་པ་
མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་དང་། ལྷག་པར་འབྲོག་ཁུལ་གྱི་གཞོན་སྐྱེས་གང་མང་ཞིག་ལ་
བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་ལག་རྩལ། སྨན་རྩིས། བོད་མིའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་
གཤིས་སོགས་ཀྱི་བག་ཆགས་བཟང་བོ་ཞིག་འཇགས་པར་བྱ་ཆེད་བོད་རིགས་སློབ་མ་ ༢༠༠ ལྷག་བསྡུ་རུབ་བྱས་ཏེ། མི་
རབས་གསར་བ་སྐྱེད་སྲིང་ལ་དམིགས་ཏེ་བཙུགས་པ་ཞིག་ཡིན་པ་དང་། སློབ་གྲྭའི་ནང་སུམ་དག་རྟགས་གསུམ་དང་
བོད་ཀྱི་སྨན་རྩིས་ཤེས་བྱ། རི་མོ་དང་འཚེམ་བཟོ། རྒྱ་ཡིག དབྱིན་ཇི་སོགས་ཀྱི་སློབ་སྦྱོང་སྤྲོད་ཀྱིན་ཡོད་འདུག དེ་ལྟར་
ཡང་། རྒྱ་གཞུང་གིས། ཁོང་གིས་བཙུགས་པའི་སྒེར་བཙུགས་སློབ་གྲྭ་དེའི་ནང་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་
གྱིན་པར་ངོས་འཛིན་བྱས་ཏེ་ཉེ་ཆར་སློབ་གྲྭ་སྒོ་བརྒྱབས་ཡོད་པ་རེད།
དེ་བཞིན། ནག་ཆུ་སོག་རྫོང་གི་མཁན་པོ་བསྟན་འཛིན་ཐབས་མཁས་ལགས་ཀྱིས་ཀྱང་། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་
ལག་ཤེས་རིག་གནས་དེ་དག་མི་ཉམས་རྒྱུད་འཛིན་བྱ་བར་དམིགས་ཏེ། རང་ཉིད་སྒེར་ངོས་ནས་ནག་ཆུ་རྫོང་ཐོག་ཏུ་
ནག་ཆུ་ལག་ཤེས་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་། སློབ་གྲྭའི་ནང་བོད་རིགས་སློབ་མ་ ༣༠༠
ལྷག་བསྡུ་རུབ་ཀྱིས་ལག་ཤེས་གཙོར་བྱས་པའི་ནང་ཆོས་དང་སྲོལ་རྒྱུན་རིག་གཞུང་གི་སློབ་གསོ་སྤྲོད་ཀྱིན་ཡོད་སྟབས།
རྒྱ་གཞུང་གིས། ཁོང་ཚོས་སྒྲུབ་པའི་བྱ་བ་དེ་དག་ཁ་བྲལ་གྱི་བྱ་འགུལ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད། ཏཱ་ལའི་བླ་མའི་དམིགས་འབེན་ལྟར་སྒྲུབ་ཀྱིན་པའི་ཉེས་མིང་འོག་སློབ་གྲྭ་སྒོ་བརྒྱབས་ཡོད་འདུག
གོང་གསལ་གྱི་སློབ་གྲྭ་དེ་གཉིས་ནི་སྤྱི་ལོ་ ༡༩༩༧ ལོར་དུས་མཉམ་དུ་གསར་འཛུགས་གནང་ཡོད་འདུག་ལ། ༢༠༠༩
ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་གཞུང་གིས་དུས་མཉམ་དུ་བཙན་གྱིས་སྒོ་བརྒྱབས་ཡོད་འདུག
———
Back

