སྲིད་བློན་གཉིས་
སྲིད་བློན་གཉིས་གནད་དོན་ལ་གཡོལ་འདུག་ཟེར།
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྙོག་གླེང་དང༌། ཟླ་འདིའི་འགོ་སྟོད་དུ་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་མངའ་
སྡེའི་ནང་ཕེབས་པའི་རྩོད་གླེང། ཟླ་བ་རྗེས་མར་ྋགོང་ས་མཆོག་ཨ་རུ་ན་ཅལ་ཕེབས་འཆར་ཡོད་པར་རྒྱ་གཞུང་གིས་ངོ་
རྒོལ་བྱེད་བཞིན་པའི་གནད་དོན་གསུམ་ལ། ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་ཁག་༡༥ ཙམ་འདུ་འཛོམས་ཐེངས་༤
པའི་སྐབས། རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་གཉིས་ཟུར་མཇལ་གནང་སྟེ། རྩོད་རྙོག་ཅན་གྱི་གླེང་གཞི་དེ་དག་གི་སྐོར་
བགྲོ་གླེང་ལྷུག་པོ་ཡོང་རྒྱུ་ཡིན་པ་འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོ་དང། ཕྱོགས་གཉིས་ཀྱི་ཆབ་སྲིད་མི་སྣ་མང་པོས་
རེ་བ་བརྒྱབ་ཡོད་ཀྱང༌། སྲིད་བློན་གཉིས་མཇལ་འཕྲད་སྐབས། ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་རབས་ཁོ་ནས་ཆུ་ཚོད་
གཅིག་ཙམ་བཏང་བ་ལས། གནད་དོན་དེ་དག་གི་སྐོར་ཅུང་ཟད་ཙམ་ལས་མ་གླེང་བར་གཡོལ་གང་ཐུབ་བྱས་སོང་ཟེར་
ནས། གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༤ ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་ཁག་༡༥ཙམ་འདུ་འཛོམས་ཀྱིས། ཐཱེ་ལན་ཌིའི་ས་ཁུལ་
ཧུས་ཧིན་ནང་འཚོགས་པའི་ཨེ་ཤ་ཡའི་ལྷན་ཚོགས་ཐེངས་༤ པའི་སྐབས། རྒྱ་གར་གྱི་སྲིད་བློན་མན་མཱོ་ཧན་སིང་དང་
རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པའོ་གཉིས་ཟུར་མཇལ་སྐབས་ཅ་དངོས་སོགས་ཐོན་སྐྱེད་དང་འབྲེལ་ལམ་དམ་འཛིན་
དགོས་སྐོར་ཁོ་ན་གླེང་མོལ་བྱས་ཡོད་འདུག
དེ་ཡང་རྒྱ་གར་གྱི་སྲིད་བློན་མན་མཱོ་ཧན་སིང་མཆོག་གིས། “ང་ཚོའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་གུ་ཡངས་དཀྱེལ་
ཆེའི་ཐོག་ནས་ཆབ་སྲིད་ཀྱི་གནད་དོན་དང། སྐུ་ཚབ་འགྲོ་འོང་ཐད་ལ་ཡར་རྒྱས་སྔར་ལས་ལྷག་པ་གཏོང་དགོས་ཤིང༌།
གནད་དོན་དེ་དག་རྒྱུན་འཛིན་བྱེད་ཐུབ་ན། མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་སྟོབས་དང་ལྡན་པ་ཞིག་
དང་བཅོས་མ་མ་ཡིན་པ་ཞིག་ཆགས་ངེས་རེད་ ”ཅེས་གསུང་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པའོ་
ཡིས། “རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་འཛིན་ཐད་ལ་དོན་སྙིང་ལྡན་པའི་ཚད་གཞི་གཅིག་གི་སྟེང་དུ་སླེབས་
ཟིན་པས། མ་འོངས་པར་འབྲེལ་ལམ་འདི་དམ་འཛིན་དང་ཡར་རྒྱས་ཀྱི་རྣམ་པའི་ཐོག་རྒྱུན་གནས་བྱེད་ཐུབ་རྒྱུའི་ཡིད་
ཆེས་བརྟན་པོ་ཡོད་ལ། གནད་དོན་འདིས་ཕྱོགས་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ནས། མི་རྣམས་ལ་རང་བཞིན་གྱིས་
དོ་སྣང་ཡོང་ངེས་པ་རེད་”ཅེས་བརྗོད་ཡོད་པ་རེད། ལྷན་ཚོགས་གྲོལ་ནས་གསར་འགོད་པ་ཚོས་རྒྱ་གར་གྱི་སྲིད་བློན་
མཆོག་ལ། ྋགོང་ས་མཆོག་ཨ་རུ་ན་ཅལ་དུ་ཕེབས་ཕྱོགས་དང་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་ས་མཚམས་ཐད་ལ་
གྲོས་མོལ་བྱུང་ཡོད་མེད་སྐོར་བཅར་འདྲི་ཞུ་སྐབས། སྲིད་བློན་གྱིས “ངས་རྒྱ་ནག་གི་སྲིད་བློན་ཝིན་ལ་ྋཏཱ་ལའི་བླ་མ་
མཆོག་ནི་གུས་བཀུར་འོས་པའི་ང་ཚོའི་སྐུ་མགྲོན་ཡིན་ལ། ཁོང་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཡང་རེད།
དེ་བཞིན་བོད་མི་ཚོ་ལའང་ཆབ་སྲིད་ཀྱི་ལས་དོན་ཐད་རང་སྣང་གང་ཤར་གྱིས་ལས་འགུལ་སྤེལ་བཅུག་གི་མེད་ཅེས་
བརྗོད་ཡོད་ ”ཅེས་གསར་འགོད་པར་ལན་འདེབས་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
———
Back

