སྔོན་འཇུག་ལྔའི་

14/11/2009 10:32

༄༅། །སྔོན་འཇུག་ལྔའི་རྟགས་ཀྱི་དབྱེ་བ་དང་འཇུག་ཚུལ་བཤད་པ།

  སྔོན་འཇུག་ལྔ་ཡི་བ་ཡིག་ཕོ། ག་ད་མ་ནིང་འ་མོ་ཡིག   །མ་ནི་ཤིན་ཏུ་མོ་ཡིན་ནོ། །ཞེས་པ་སྟེ། སྔོན་འཇུག་ལྔ་ནི་རང་

རང་འཇུག་ཡུལ་གྱི་མིང་གཞི་དང་སྦྱར་ནས་ཀློག་ཚེ་སྒྲ་གདངས་དྲག་ཞན་བར་མར་འགྱུར་བའི་ཆ་ནས། བ་ནི་ཕོ་དང་།

 ག་ད་གཉིས་མ་ནིང་། འ་མོ་དང་། མ་ནི་ཤིན་ཏུ་མོ་ཡིན་ནོ།   སྔོན་འཇུག་འདི་དག་རང་རང་འཇུག་ཡུལ་གྱི་གསལ་བྱེད་

རྣམས་ལ་རྐྱང་འདོགས་མགོ་ཅན་ཅི་རིགས་ལ་འཇུག་ཚུལ་ནི་འདིར་མངས་དོགས་ནས་མ་བཀོད་པས་གཞན་ལས་ཤེས་

པར་བྱའོ།

སྔོན་འཇུག་ལྔ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། སྔོན་འཇུག་ལྔ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པའི་ཐོག་

མར་དངོས་པོ་བདག་གཞན་སོགས་ཀྱི་གོ་དོན་བློ་ལ་ངེས་ན་ཕན་ཆེ་བས། དེའི་ཚུལ་ནི་འདི་ལྟར་གསུངས་ཡོད་དེ།   སྔོན་

འཇུག་དགོས་པ་ཅིའི་ཕྱིར་འཇུག   ཚུལ་འདིར་གསར་ཞུགས་བློ་ཆུང་གིས། རྒྱ་མཚོའི་གཏིང་བཞིན་རྟོགས་དཀའ་ཡང་།

   །ཐོག་མར་གོ་སླའི་གཏམ་འདིར་ཉོན།   དངོས་པོ་ལས་དང་དུས་གསུམ་གྱི།   དངོས་པོར་བདག་གཞན་བྱ་ཡུལ་གསུམ། 

དཔེར་ན་ཡིག་མཁན་བདག་ཡིན་ལ།   ཡི་གེ་འབྲི་བའི་བྱ་བ་གཞན།   །བྲི་བྱའི་ཡི་གེ་བྱ་བའི་ཡུལ།   །ལས་ལ་བྱ་ལས་བྱེད་

ལས་གཉིས།   །ཤོག་སྟེང་སྣག་ཚས་ཡི་གེའི་གཟུགས། བྲིས་པའི་ཆ་ནི་བྱ་བའི་ལས།   །སྨྱུ་གུ་བཟུང་ནས་ཡི་གེའི་གཟུགས། 

ཤར་ཤར་འབྲི་བྱེད་པའི་ལས།   །ཡིག་མཁན་རང་ཉིད་བྱེད་པོ་གཙོ།   སོར་མོ་སྨྱུག་སོགས་བྱེད་པོ་ཕལ། དུས་ལ་འདས་དང་

ད་ལྟ་བ།   །མ་འོངས་གསུམ་སྟེ་རིམ་བཞིན་དཔེར། བྲིས་ཟིན་འདས་པ་འབྲི་བཞིན་པའི། གནས་སྐབས་དེ་ནི་ད་ལྟ་བ། །འཕྲོ་

ནས་བྲི་འགྱུར་མ་འོངས་པ། བྱ་བའི་ལས་གཞན་མ་འོངས་པ།   བྱེད་པའི་ལས་བདག་ད་ལྟ་བ། དུས་གསུམ་དབྱེ་བ་ཁྱབ་ཆེ་

ཞིང་། །བདག་གཞན་དབྱེ་བ་ཁྱབ་ཆུང་ངོ་།   ཞར་བྱུང་སྐུལ་ཚིག་མང་པོའི་སྡེབ། སྐབས་འདིའི་བསྟན་བྱའི་ཤུགས་ལས་

འབྱུང་། །དེ་ལྟར་དངོས་ལས་དུས་གསུམ་དང་། བདག་གཞན་བྱ་བྱེད་ཅེས་པ་རྣམས། །དཀའ་བའི་གནས་སུ་གྲགས་ཆེ་

ཡང་། འདི་འདྲའི་དཔེ་ཡིས་ངོ་སྤྲད་ན།   གནག་རྫི་རྣམས་ཀྱང་འབད་མེད་དུ།   །མཁས་པའི་ཁྲི་ལ་འགོད་མིན་ནམ། དེ་

ལྟའི་མན་ངག་བློར་བཞག་ནས།   །ཞེས་གསུངས་པ་འདིའི་སྟེང་ནས་དངོས་པོ་བདག་གཞན་སོགས་ཀྱི་དོན་ལ་ཡང་ཡང་

དཔྱད་དེ་ངེས་པ་ཅུང་རྙེད་པའི་རྨང་གཞིའི་ཐོག་ཏུ། དཔེ་བརྗོད་འདི་དང་བསྡུར་ཏེ་མནོ་བསམ་བཏང་ན་དངོས་པོ་

བདག་གཞན་སོགས་ཀྱི་གོ་དོན་རགས་ཙམ་ཤེས་པར་འགྱུར་རོ། །

དཔེ་བརྗོད་ནི།   སྔོན་འཇུག་ཕོ་ཡིག་དུས་འདས་པ་ལ་འཇུག་པའི་དཔེ་བརྗོད།   བརྩེ་བས་བསྐྱངས།   སྡོང་པོ་བཅད། 

མིག་གིས་བལྟས། ཞེས་པ་ལྟ་བུའོ།       དངོས་པོ་གཞན་ལ་འཇུག་པའི་དཔེ་བརྗོད། བསྟན་བྱའི་ཆོས།   བཙོ་བྱའི་ཤ།  

བསླབ་བྱའི་རིག་གནས། ཞེས་པ་ལྟ་བུའོ།   བྱ་བའི་ལས་བསྒྲུབ་པའི་ཕྱིར་འཇུག་པའི་དཔེ་བརྗོད། སྨན་བསྡེབ་པར་བྱ། 

སྔགས་བཟླ་བར་བྱ།   ཁྲིམས་བསྲུང་བར་བྱ། ཞེས་པ་ལྟ་བུའོ།   དེ་དག་གི་ཟླས་དྲངས་པའི་བྱེད་པ་པོ་དང་བྱེད་པའི་

ཚིག་ལ་བས་འཕུལ་མི་འཐོབ་པའི་དཔེ་བརྗོད། བུ་སྐྱེད་པ་པོ།   རྡོ་རྩིག་པ་པོ།   ཇ་སྐོལ་བ་བོ། ཆོས་ལ་སྐུལ་བར་བྱེད། 

ལག་པ་རྐྱོང་བར་བྱེད། མེ་ལ་སྲེག་པར་བྱེད། ཅེས་པ་ལྟ་བུའོ།    དེ་དག་གི་ཟླས་དྲངས་པའི་སྐུལ་ཚིག་ལ་བས་འཕུལ་

མེད་ཅིང་ཡང་འཇུག་ཐོབ་པའི་དཔེ་བརྗོད།   ཆོས་མྱུར་དུ་སྒྲུབས། མཐུན་རྐྱེན་ཚང་བར་སྒྲིགས།   དོན་ཞིབ་ཏུ་སོམས།

   ཞེས་པ་ལྟ་བུའོ།། སྔོན་འཇུག་མ་ནིང་ག་ད་གཉིས་བདག་ལ་འཇུག་པའི་དཔེ་བརྗོད།   སྡོང་པོ་གཅོད་པ་པོ། སྦྱིན་པ་

གཏོང་བ་བོ། ཟས་གཡོ་བ་པོ། གཞན་དུ་དགར་བ་པོ། སྣལ་མ་དཀྲི་བ་པོ། རིག་པས་དཔྱོད་པ་པོ། ཞེས་པ་ལྟ་བུའོ། གཞན་

་འཇུག་པའི་དཔེ་བརྗོད། གཏུབ་བྱའི་ཤིང་། གཟུང་བྱའི་ཕྲེང་བ། གསག་བྱའི་དགེ་རྩ། དགག་བྱའི་སྐྱོན།   དཀྲུ་བྱའི་

སྐུད་པ།   དབུལ་བྱའི་མེ་ཏོག   ཅེས་པ་ལྟ་བུའོ།  དུས་ད་ལྟ་བ་ལ་འཇུག་པའི་དཔེ་བརྗོད། དགྲ་གསོད་བཞིན་པ། རྡོ་བ་

གཅོག་བཞིན་པ། དོན་གཉེར་བཞིན་པ། གད་མོ་དགོད་ཀྱིན་ཡོད། དོན་དཔྱོད་ཀྱིན་ཉལ། ཞེས་པ་ལྟ་བུའོ།། སྔོན་འཇུག་

མོ་ཡིག་བདག་ལ་འཇུག་པའི་དཔེར་བརྗོད། སྐུད་པ་འཁལ་བ་པོ། ལམ་དུ་འཁྲིད་པ་པོ། དགྲ་འཇོམས་པ་པོ། ཞེས་པ་ལྟ་

བུའོ།། དུས་ད་ལྟ་བ་ལ་འཇུག་པའི་དཔེ་བརྗོད། སྒོ་ནང་དུ་འཇུག་བཞིན་པ།   རྒྱན་ཆ་འདོགས་བཞིན་པ། རྟ་རྒོད་འདུལ་

བཞིན་པ།   ཞེས་པ་ལྟ་བུའོ།   དུས་མ་འོངས་པ་ལ་འཇུག་པའི་དཔེ་བརྗོད། རྗེ་བཙུན་བྱམས་པ་འབྱོན།   ལས་ཀྱི་ཉམས་

སྟོབས་འགྱུར།   སང་གི་ཉི་མ་འཆར། ཞེས་པ་ལྟ་བུའོ།   སྔོན་འཇུག་ཤིན་ཏུ་མོ་ཡིག་བདག་ལ་འཇུག་པའི་དཔེ་བརྗོད། 

མཆོད་པ་པོ། མཐུད་པ་པོ། མདུད་པ་པོ། ཞེས་པ་ལྟ་བུའོ། གཞན་ལ་འཇུག་པའི་དཔེ་བརྗོད། མཆོད་བྱའི་ལྷ། མཐུན་བྱའི་

ཐ་གུ། མདུད་བྱའི་མགུལ་ཆིངས་། ཞེས་པ་ལྟ་བུའོ། དུས་འདས་པ་ལ་འཇུག་པའི་དཔེ་བརྗོད། མཆོད་ཟིན། མཐུད་པར་

བྱས།   མདུད་པར་གྱུར།   ཅེས་པ་ལྟ་བུའོ། དུས་ད་ལྟ་བ་ལ་འཇུག་པའི་དཔེ་བརྗོད། མཆོད་ཀྱིན་འདུག   མཐུད་ཀྱིན་

ཡོད།   མདུད་བཞིན་གནས། ཞེས་པ་ལྟ་བུའོ།   དུས་མ་འོངས་པ་ལ་འཇུག་པའི་དཔེ་བརྗོད། མཆོད་པར་འགྱུར།   མཐུད་

པར་འགྱུར།   མདུད་པར་འགྱུར། ཞེས་པ་ལྟ་བུའོ། དཔེ་བརྗོད་འདི་དག་གིས། རྟགས་འཇུག་གི་རྩ་བར། ཕོ་ནི་འདས་

དང་གཞན་བསྒྲུབ་ཕྱིར།   །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར་། །ཤིན་ཏུ་མོ་ནི་མཉམ་

ཕྱིར་རོ། ཞེས་པའི་དོན་རྣམས་གཅིག་ཤེས་ཀུན་གྲོལ་ཚུལ་གྱིས་རྟོགས་པར་བྱའོ།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།