སྐོར་སྐྱོད་འགུལ

2009-10-16 17:43

སྐོར་སྐྱོད་ཀྱི་ལས་འགུལ།

ཟླ་འདིའི་ཚེས་ ༡༠ ཉིན་ཡུ་རོབ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཨི་ཊ་ལི་དང་སི་ཝེ་ཌན། སུད་སི་བཅས་ནས་

བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཉི་ཤུ་ལྷག་གིས་སུད་སིའི་གྲོང་ཁྱེར་ཛོ་རི་ཁེ་ Zurich ནས་མགོ་བཙུགས་ཏེ། འཇར་

མན་གྱི་གྲོང་ཁྱེར་ཧྥི་རན་ཁི་ཧྥོར་ཊི་ Frankfurt བར་རྐང་འཁོར་ཞོན་ཏེ། བོད་དོན་དྲིལ་བསྒྲགས་དང་། འདས་བའི་

ལོ་ངོ་དྲུག་ཅུར་ཉེ་བའི་རིང་། རྒྱ་གཞུང་གིས་བོད་ནང་ལ་གཏོར་བཤིག་དང་བཤུ་གཞོག    གཉའ་གནོན་དང་བརྙེས་

བཅོས་སོགས་མི་སྤྱོད་ལས་འདས་བའི་དྲག་རྩུབ་ཀྱི་ལས་རིགས་སྣ་ཚོགས་སྤེལ་བར་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་ཞིག་

སྤེལ་ཡོད།

                      

 ཐེངས་འདིར་ཁོང་ཅག་གིས་སྟོན་མཇུག་གི་གྲང་རླུང་དང་ཁ་ཆར་ལ་མ་འཛེམས་པར་རྒྱང་ཐག་སྤྱི་ལེ་ལྔ་བརྒྱ་ ༥༠༠

ལྷག་ལ་རྐང་འཁོར་གྱིས་བསྐྱོད་ཏེ། ཚེས་ ༡༤ ཉིན་ཧྥི་རན་ཁི་ཧྥོར་ཊི་ལ་བདེ་བར་འབྱོར་ཡོད་ལ། སྐབས་དེར་འཇར་

མན་ས་གནས་བོད་རིགས་ཚོགས་པ་དང་། འཇར་མན་བོད་དོན་རྒྱབ་བསྐྱོར་ཚོགས་པ་བཅས་ནས་ལས་འགུལ་བ་རྣམས་

ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ལ། དེ་དང་མཉམ་དུ་གྲོང་ཁྱེར་དེའི་རྒྱ་ནག་གཞུང་ཚབ་ཁང་མདུན་ནས་

རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱས་ཏེ། རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོང་ཁང་མདུན་དུ་ལས་འགུལ་ཡོངས་སུ་མཇུག་

སྒྲིལ་ཡོད།  
                         

ཧྥི་རན་ཁི་ཧྥོར་ཊི་དཔེ་དེབ་འགྲེམས་ཚོང་ཁང་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཛམ་གླིང་གི་དཔེ་ཚོང་འགྲེམས་

སྟོན་ཁང་ཆེ་ཤོས་ཞིག་ཡིན་པ་དང་། ལོ་ལྟར་སྤྱི་ཟླ་ ༡༠ ནང་བདུན་ཕྲག་གཅིག་ལྷག་རིང་འཛམ་གླིང་གི་རྒྱལ་ཁབ་ཁག་

བརྒྱ་ ༡༠༠ ལྷག་ནས་ཕེབས་པའི་དཔེ་དེབ་འགྲེམས་སྟོན་དང་དཔར་སྐྲུན་ལས་རིགས་ཐད་ཀྱི་སྐུ་ཚབ་འཐུས་མི་བདུན་

སྟོང་ ༧༠༠༠ ལྷག་མཉམ་ཞུགས་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ཁབ་སོ་སོའི་ནང་གི་དཔར་སྐྲུན་གྱི་རང་དབང་དང་དཔེ་

སྐྲུན་བདག་དབང་། དེ་བཞིན་དཔེ་དེབ་དང་པར་སྣ་ཚོགས་བཅས་ཀྱི་ལས་དོན་ཐད་བགྲོ་གླེང་གོ་བསྡུར་གནང་གིན་

ཡོད་པ་རེད།

                   

 ད་ལོའི་དཔེ་ཚོང་འགྲེམས་སྟོན་གྱི་སྦྱིན་བདག་དེ་རྒྱ་ནག་ལ་འཁེལ་ཡོད་སྟབས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་

རྣམས་ཀྱིས་རྒྱ་ནག་ནང་དུ་སྨྲ་བརྗོད་རང་དབང་དང་།      གསར་འགོད་རང་དབང་སྤུ་ཙམ་ཡང་མེད་པར་རྒྱ་ནག་

གཞུང་ལ་འདི་འདྲའི་གོ་སྐབས་ཞིག་སྤྲད་པ་འོས་འཚམ་མ་རེད། ཅེས་ངོ་རྒོལ་བསྟུད་མར་བྱས་ཡོད་ལ། ཐེངས་འདིར་

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གི་གོ་སྒྲིག་འོག བོད་ནང་གི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དཔེ་

དེབ་༼ རླུང་རྟ་ ༽ཞེས་བ་དེ་དབྱིན་ཡིག་དང་འཇར་མན་སྐད་ནང་བསྒྱུར་ཏེ། ཉིན་འདི་འགར་འགྲེམས་སྟོན་ཁང་དེ་རུ་

འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང་།  བོད་ནང་གི་ཆབ་སྲིད་བཙོན་པའི་པར་དང་ལོ་རྒྱུས་མདོ་བསྡུས་བཀོད་པའི་

ཤོག་བྱང་ Card སྣ་ཚོགས་ཀྱང་ལྟད་མོ་བ་རྣམས་ལ་གཟིགས་འབུལ་ཞུས་ཡོད།

                                ནམ་མཁའ་བསྟན་འཛིན་གྱིས་འཇར་མན་ནས་བཏང་བའི་གནས་ཚུལ།

 

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Multilanguage free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།