ས་སྐྱ་གོང་མ་བཀའ་སློབ

11/01/2012 10:36

 

དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ།

His Holiness Sakya Trizin

  སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༧ ཉིན། གནས་མཆོག་རྡོ་རྗེ་གདན་དུ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྣེ་ལེན་ཁང་གི་སྡོད་གུར་ནང་དུ། བོད་ནས་གསར་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་བཤད་གནང་བའི་ནང་།  དེ་སྔོན་༧གོང་ས་མཆོག་གིས་མི་མང་ལ་དུས་དབང་ཐེངས་མང་བསྩལ་ཡོད་ཀྱང་ཕལ་ཆེར་ད་ཐེངས་ཀྱི་འདུ་ཚོགས་དེ་ཆེ་ཤོས་ཆགས་ཡོད།   ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ངས་ཚང་མར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།  ཁྱེད་རང་ཚོ་ཕ་ཡུལ་ནས་འདིར་ངལ་བ་ཁྱད་བསད་ཀྱིས་གསུང་ཆོས་ཞུ་བར་ཡོང་སྟབས་བཀའ་ཆོས་ཞུས་པ་རྣམས་ཉམས་ལེན་དོན་ལྡན་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  ངས་བོད་ནང་ང་ཚོ་བོད་པ་ནང་ཁུལ་རྩྭ་ས་དང་ཆུ་སོགས་ཀྱི་རྐྱེན་ཕྲན་བུའི་ཐོག་ལ་འཁྲུག་པ་ཤོར་ནས་གསོད་རེས་མང་པོ་ཞིག་གཏོང་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བས་དེ་ཧ་ཅང་ཐབས་སྐྱོ་པོ་རེད་ སྤྱིར་སེམས་ཅན་གང་འདྲ་ཞིག་བསད་ཀྱང་སྡིག་པ་ཚབས་ཆེ་ཡོད། དེའི་ནང་ནས་ཁོང་ཁྲོས་ཀུན་ནས་བླང་སྟེ་མི་བསད་ན་དེ་ལས་སྡིག་པ་ཆེ་བ་རྩ་བ་ནས་མེད་ཅེས་དང་།  ད་རེས་འདིར་༧གོང་ས་མཆོག་གི་སྐུ་མདུན་ནས་བཀའ་ཆོས་ཞུ་རྒྱུ་བྱུང་བ་དེ་དོན་ལྡན་ཞིག་ཆགས་ཡོད།  མདོ་དོན་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སངས་རྒྱས་ཀྱི་ཆོས་དང་མཐུན་པའི་སྒོ་ནས་བྱེད་དགོས་པ་ཡིན་ཞེས་སོགས་གསུང་བཤད་བཀའ་སློབ་བསྩལ་རྗེས་མི་དམངས་ཀྱི་བགེགས་བར་སེལ་ཆེད་དུ་འཁོན་ནས་བརྒྱུད་པའི་རྡོ་རྗེ་ཕུར་བུའི་བཀག་བཀོད་ཀྱང་གནང་ཡོད་པ་རེད༎ 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།