ལྐོག་ཟ་བྱས་སོང་།
བོད་ཀྱི་དུས་བབ།
དུས་ངན་དེ་འདྲའི་སྐབས་ལ་ཡང་ས་གནས་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐ་ཤལ་སྤེལ་འདུག མིང་
འདོན་འདོད་མེད་པའི་རེབ་གོང་གི་གནད་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་བཏང་དོན་ལྟར་ན། ཉེ་སྔོན་
ཕྱི་ཟླ་༩ ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧:༤༠ ཡས་མས་སུ་མདོ་སྨད་རེབ་གོང་རྐ་སར་གྲོང་སྡེར་རི་ཉིལ་གྱི་གོད་
ཆག་བྱུང་སྐབས་དེར། རྐ་སར་དགོན་པའི་གྲྭ་བ་གཅིག་འདས་གྲོངས་སོང་བ་དང་།

གྲྭ་ཤག་མང་པོ་ལ་གཏོར་སྐྱོན་
ཐེབས་འདུག དུས་མཚུངས་གྲོང་སྡེའི་མ་ཎི་ཁང་ལ་ཡང་གཏོར་སྐྱོན་ཆེན་པོ་ཐེབས་པ་དང་། མི་ལ་རྨས་སྐྱོན་ཕོག་པ་
སོགས་ཀྱི་གནོད་སྐྱོན་མི་ཉུང་བ་ཞིག་བྱུང་བར་བརྟེན། ས་གནས་མི་མང་རྣམས་གྲོང་སྡེའི་ཤར་ཕྱོགས་ཀྱི་མལ་ལེ་གཅིག་
ཙམ་གྱི་མཚམས་སུ་ཉེན་གཡོལ་གནས་སྤོར་བྱེད་དགོས་བྱུང་འདུག རི་ཉིལ་བྱུང་བའི་རི་དེ་ལ་རྟ་འགྱིང་ལའམ། ཡོངས་
གྲགས་སུ་ཧོར་ནག་རྟ་འགྱིང་ལ་ཟེར། གནས་ཚུལ་དེའི་དབང་གིས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ལས་ཁུངས་ཀྱིས་
རྐ་སར་གྲོང་སྡེར་རས་གུར་ ༣༠༠ དང་། ཉལ་གདན་ ༡༢༠༠ གྱོན་ཆས་ ༡༢༠༠ གྲོ་ཕྱེ་རྒྱ་མ་ ༤༠༠༠༠ བཅས་ཀྱི་
རོགས་སྐྱོར་བྱས་ཡོད་ཚུལ་མཚོ་སྔོན་བརྙན་འཕྲིན་བརྒྱུད་ནས་གསལ་བསྒྲགས་སྤེལ་འདུག་ལ། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་གྱི་
ཟི་ལིང་དགོང་མོའི་ཚགས་པར་དང་། ཚེས་ ༡༩ ཉིན་གྱི་མཚོ་ནུབ་གྲོང་ཁྱེར་གྱི་ཚགས་པར་གཉིས་ཀྱི་ནང་དུ་ཡང་གོང་
གསལ་རོགས་སྐྱོར་གྱི་གནས་ཚུལ་དེ་བཀོད་ཡོད་ཚུལ་བརྗོད། འོན་ཀྱང་འབྲེལ་ཡོད་མི་སྣ་ཁ་ཤས་རྐ་སར་གྲོང་སྡེར་
དངོས་བསྐྱོད་ཐོག་ནས་འདྲི་གཅོད་རྒྱུས་ལོན་བྱུང་བ་ལྟར་ན། གནོད་འཚེ་ཐེབས་ཡུལ་གྱི་མི་དམངས་ལ་དངོས་སུ་ལག་
འབྱོར་བྱུང་བ་ནི་རས་གུར་ ༡༢༠ དང་། ཉལ་གདན་ ༡༡༤༠ གྱོན་ཆས་ ༡༡༤༠ གྲོ་ཕྱེ་རྒྱ་མ་ ༡༠༠༠༠ མ་གཏོགས་མི་
འདུག འདི་ལས་གསལ་པོར་ཤེས་ཐུབ་པ་ནི་དུས་ངན་དེ་འདྲའི་སྐབས་ལ་ཡང་ས་གནས་སྲིད་གཞུང་གིས་ལྐོག་ཟ་རུལ་
སུངས་ཀྱི་བྱ་སྤྱོད་ཐ་ཤལ་སྤེལ་འདུག་པ་དེ་རེད། རྐ་སར་གྲོང་སྡེ་ནི་རེབ་གོང་རོང་བོ་གྲོང་བརྡལ་གྱི་བྱང་ངོས་སུ་ཡོད་
ཅིང་། རྐ་སར་དགོན་པར་གྲྭ་པ་ ༦༠ ལྷག་དང་། རྐ་སར་གྲོང་སྡེར་མི་གྲངས་ ༡༢༠༠ མ་ཟིན་ཙམ་ཡོད། རི་ཉིལ་གྱི་གནོད་
འཚེ་ནི་ཉིན་གྲངས་མང་པོར་ཡང་ནས་ཡང་དུ་བྱུང་བར་བརྟེན། ད་ལྟ་ཡང་རྐ་སར་གྲོང་སྡེའི་མི་དམངས་ཡོངས་རས་
གུར་ཁག་ནང་ཉེན་གཡོལ་ངང་བཟའ་བཏུང་རིགས་མཉམ་སྤྱོད་བྱེད་དགོས་པའི་ཐབས་སྐྱོའི་གནས་སུ་གྱར་འདུག་པ་
དང་། ལྷག་པར་དུ་ད་ལྟའི་ཆར་ནམ་ཟླ་ནི་ཉིན་རེར་ཇེ་འཁྱག་ལ་འགྲོ་བཞིན་ཡོད་པའི་ཁར། དགུན་དུས་ཀྱང་སླེབས་ལ་
ཉེ་བས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་དང་སེམས་ཁྲལ་འཕར་མ་ཞིག་འབྱུང་བཞིན་འདུག དེ་ལྟ་ན་ཡང་རྒྱ་
ནག་གཞུང་ནས་རྐ་སར་གྲོང་སྡེའི་ཉམ་ངའི་གནས་སྟངས་འདི་ཐད་མ་འོངས་འཆར་འགོད་ཅི་ཡང་མེད་པ་དང་།
ལྷག་དོན་དུ་ས་གནས་སྲིད་གཞུང་རང་གིས་སྐབས་བསྟུན་དགོས་ངེས་ཀྱི་རོགས་སྐྱོར་ཅི་ཡང་བྱས་མེད་པ་མ་ཟད། ད་
དུང་གོད་ཆག་འདི་ལ་ཁ་གཡར་ཏེ་ས་ཁུལ་གཞན་ནས་རོགས་དངུལ་ཞལ་འདེབས་བསྡུ་ལེན་བྱས་ཡོད་རབས་བརྗོད་
མཁན་མང་པོ་འདུག་ལ། གོང་གསལ་མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་དངོས་རྫས་ཁག་གི་ཁོངས་ནས་ཀྱང་མང་པོ་
ཞིག་ས་གནས་རང་གི་འགོ་ཁྲིད་ཁག་ཅིག་གིས་ལྐོག་ཟ་བྱས་འདུག་པ་བཅས་ནི་ཇི་འདྲའི་སྙིང་ལ་གཟན་པའི་བྱ་ངན་
རུལ་སུངས་ཤིག་རེད་ཨང་།