རླུང་རྟ་བཤད་པ།

26/10/2009 13:46

རླུང་རྟ་བཤད་པ།

བོད་ཀྱི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་རྒྱ་ཆེ་བའི་རླུང་རྟ་ནི།   དབུས་སུ་རྟ་མཆོག་དང་།  ཟུར་བཞིར་སྟག་སེང་ཁྱུང་འབྲུག་

བཞིའི་གཟུགས་རིས་བཀོད་ཡོད།

              དཀོན་མཆོག་བོད་རང་བཙན་དྲ་ཚིགས

   རླུང་རྟའི་ལྷ་ལ་གསོལ་མཆོད་བྱེད་པའི་ཆོ་ག་ནི་སྔོན་རིང་མོ་ཞིག་ནས་བོད་དུ་དར་ཡོད་པ་ལོ་རྒྱུས་སུ་གསལ་ཡང་།  སྟག་སེང་ཁྱུང་འབྲུག་རྟ་མཆོག་དང་བཅས་པའི་རླུང་རྟའི་རི་མོ་ནི་དུས་ག་ཚོད་ཅིག་ཏུ་བྱུང་ཚུལ་དེ་མཐོང་ཐོས་སུ་མ་

གྱུར།   འོན་ཀྱང་དེ་ཡང་བོད་རང་ས་ནས་བྱུང་ཞིང་དར་བའི་རི་མོ་ཐོག་མའི་གྲས་ཤིག་ཡིན་པ་སུས་ཀྱང་བསྙོན་དུ་

མེད་དོ།      རླུང་རྟ་ཞེས་པའི་མིང་ནི་ཕྱིས་སུ་བྱུང་བ་ཞིག་སྟེ།   ཐོག་མར་གྲགས་པའི་མིང་ནི་ཀླུང་རྟའམ་ཀློང་རྟ་ཞེས་

ཀྱང་བྱ།   དོན་ནི།   ཀླུང་ཞེས་པ་ཡོངས་ཁྱབ་བམ་ཀུན་གྱི་བདག་ཉིད་ཅེས་པའི་དོན་དང་།  

རྟ་ཞེས་པ་ཅང་ཤེས་མགྱོགས་འགྲོའི་མིང་སྟེ་བགྲོད་པ་མྱུར་བའི་མཚོན་བྱེད་ཡིན།  དེ་ཡང་མཐའ་ན་ཡོད་པའི་སྟག་

སེང་ཁྱུང་འབྲུག་དང་བཅས་པའི་མཚོན་དོན་ནི།   ཁ་ཅིག་གིས་སྡེ་བཞིའི་གཟུགས་བཀོད་པ་དེས་མི་འཇིག་པ་སྟེ་

རྣམ་པར་རྒྱལ་བ་མཚོན་པ་ཡིན་ཞེས་བཤད་སྲོལ་ཡོད་འདུག་པ་དེའང་བདེན་སྲིད་མོད།   དངོས་དོན་སུ་འབྱུང་བའི་

མཚོན་བྱེད་དུ་གོ་ན་ལེགས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་

དང་།  སེང་གེ་རི་བོར་གནས་པས་སའི་ཁམས་མཚོན།   ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་འབར་བས་མེ་ཡི་

ཁམས་མཚོན་པ་དང་།  འབྲུག་རྒྱ་མཚོ་ན་གནས་པས་ཆུའི་ཁམས་མཚོན་པ་དང་།   རླུང་ནི་ཀུན་ལ་ཁྱབ་པས་ནམ་

མཁའི་ཁམས་མཚོན་པ་བཅས་ཀྱིས་འབྱུང་བ་དང་དེའི་བྱེད་ལས་ཀྱི་མཚོན་དོན་གསལ་བར་བསྟན།   དེ་ལྟ་བུའི་བྱེད་

ལས་དེ་ཉིད་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་པ་ནས་ལེགས་པར་བགྲོད་པ།   ལྟས་ངན་པ་ནས་བཀྲ་ཤིས་

པར་བགྲོད་པ་སོགས་མཚོན་ཕྱིར་དང་།  སྐྱེས་བུའི་རེ་འདོད་ཡོངས་སུ་སྐོང་བ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང་

འདྲ་བས་རྟ་མཆོག་དེར་ཡང་ནོར་བུའི་རྒྱན་དུ་འགོད་སྲོལ་བྱུང་བ་ནི་རླུང་རྟའི་གོ་དོན་ཡང་དག་པར་འཁུམས།  

དུས་ཕྱིས་སུ་རླུང་རྟ་ཞེས་རླུང་གི་བཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་བྱུང་འདུག་པ་འདི་དག་ནི།   རླུང་རྟ་བར་སྣང་དུ་འཕྱར་ཞིང་རླུང་གིས་གཡོ་བའི་བྱེད་ལས་དང་བསྟུན་པས་དེ་སྐད་དུ་འབྲི་སྲོལ་བྱུང་བར་སེམས། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།