རྟགས་ཀྱི་དབྱེ་བ་
14/11/2009 10:28༄༅། །ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ།
སྤྱིར་བོད་ཀྱི་ཡེ་གེ་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན། དབྱངས་མོ་གསལ་བྱེད་ཕོ་རུ་འདོད། །ཅེས་པ་སྟེ། ཨི་
སོགས་དབྱངས་བཞི་ནི་མོ་དང་། ཀ་སོགས་གསལ་བྱེད་སུམ་ཅུ་ཕོའི་ཡི་གེ་ཡིན་ནོ། གསལ་བྱེད་སུམ་ཅུ་སྡེ་ཚན་ལྔར་ཕྱེ་
ན། སྒྲ་གདངས་དྲག་པོ་རན་པ་དང་། །ཞན་པ་དེ་ལས་ཞན་པ་དང་། །ཤིན་ཏུ་ལྷོད་པ་ལྔ་ཡི་སྒོས། །ཀཱ་ལོར་ཕོ་དང་མ་
ནིང་མོ། །ཤིན་ཏུ་མོ་དང་མོ་གཤམ་སྟེ། སྡེ་ཚན་ལྔ་རུ་དྲིལ་བར་བྱ། །ཞེས་པ་སྟེ། འཇིག་རྟེན་འདིར་སྲོག་ཆགས་ཕོ་མོ་མ་
ནིང་གི་སྐད་ཀྱི་སྒྲ་གདངས་ལ་དྲག་ཞན་བར་མ་ཅི་རིགས་ཡོད་པ་བཞིན་དུ། འདིར་གསལ་བྱེད་རྐྱང་པ་དེ་དག་ངག་
ནས་ཀློག་ཚེ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་དང་སྒྲ་གདངས་དྲག་ཞན་གྱི་དབང་གིས། སྒྲ་གདངས་དྲག་པོ་དང་། རན་པ་
དང་། ཞན་པ་དང་། དེ་ལས་ཞན་པ་དང་། ཤིན་ཏུ་ལྷོད་པ་སྟེ་ལྔ་ཡི་སྒོ་ནས་ཀཱ་ལིའི་ཡི་གེ་རྣམས་ལ་ཕོ་དང་། མ་ནིང་
དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་སྟེ་སྡེ་ཚན་ལྔ་རུ་དྲིལ་བར་བྱའོ། །ཞེས་པ་ཡིན་ལ། དེའི་དབྱེ་བ་ཇི་ལྟར་ཡིན་
ཞེ་ན། ཀ་ཅ་ཏ་པ་ཙ་ནི་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང་། ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་
ཏུ་མོ། ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཡི་གེར་བཤད། །ཅེས་ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་
དང་། མོ་གཤམ་སྟེ་སྡེ་ཚན་ལྔར་ཕྱེ་ཡོད་པ་ཤེས་སླ་ཞིང་། ཨ་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད། མཚན་མེད་ཀྱི་ཡི་
གེའང་ཡིན་ནོ། །འདི་ལ་འགྲེལ་ཚུལ་གཞན་ཡང་ཡོད་དོ། སྡེ་ཚན་ལྔ་པོ་དེ་སྡེ་ཚན་གསུམ་དུ་བསྡུས་ན། མོ་དང་ཤིན་ཏུ་
མོ་དང་མོ་གཤམ་གསུམ་གཅིག་ཏུ་བགྲངས་པས་སྡེ་ཚན་གསུམ་དུའང་འདོད་དོ། །
———
Back