རང་བཙན་གླེང

2009-10-30 19:11

བློན་ཆེན་བཤད་སྒྲའི་ཞབས་རྗེས་སྙེགས་པ། 

བོད་ཀྱི་དུས་བབ།

ཟླ་འདིའི་ཚེས ༢༨ ནས ༢༩ བར་ཉིན་གཉིས་རིང༌།   སིམ་ལ་ནས་བོད་རང་བཙན་བསྐྱར་དུ་གླེང་བ་ཞེས་པའི་བརྗོད་

གཞི་འོག ༡༩༡༤ ལོར་བོད་དང༌།   རྒྱ་ནག   རྒྱ་གར་དབྱིན་གཞུང་བཅས་ཀྱི་སྐུ་ཚབ་ཀྱིས་ཆིངས་ཡིག་འཇོག་སའི་

ADVENCE STUDY རྒྱལ་ཁང་ནང་ལྷན་འཛོམས་བྱུང་ནས་དྲན་གསོའི་བྱེད་སྒོ་གྲུབ་རྗེས། རྒྱལ་ཁང་ཉེ་འཕྲོས་

ཀྱི BRIGHTLAND HOTE གསོལ་མགྲོན་ཁང་ནང་ཉིན་གཉིས་རིང་བརྗོད་གཞི་སྣ་ཚོགས་ཐོག་བགློ་གླེང་བྱུང་

འདུག

དཀོན་མཆོག་བོད་རང་བཙན་དྲ་ཚིགས། གསར་འགོད་པས་ཚོགས་འདུའི་འབྲེལ་མཐུད་པ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་

ལགས་སུ་ཚོགས་འདུ་དེ་གོ་སྒྲིག་བྱེད་དགོས་པའི་དུས་བབ་དང༌། ས་ཚིགས་སིམ་ལར་གནང་བའི་གལ་གནད་སྐོར་དྲིས་

པར། ཁོང་གིས་དེང་སྐབས་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་འབྱུང་བཞིན་པའི་སྒང་རེད།    དུས་སྐབས་

འདི་འདྲ་ཞིག་ལ་བོད་རྒྱལ་ཁབ་ཤོར་སོང་ཡང༌། བོད་མི་རིགས་ཤི་མེད་པ་དང༌།    ང་ཚོ་མི་ཐོག་གསར་བ་རྣམས་ཀྱིས་

རྒྱལ་ཁབ་སླར་གསོ་བྱ་འདུན་གྱི་ཕུགས་བསམ་བརླག་མེད་པ་ཁྱིམ་མཚེས་རྒྱལ་ཁབ་འདི་གཉིས་ལ་གསལ་འདེབས་བྱ་

དགོས་པ་དུས་ཀྱི་དགོས་མཁོར་རེད། དེ་བས་ ༡༩༡༤ ལོར་བོད་རང་བཙན་ཡིན་པའི་སྐབས་ཆིངས་ཡིག་འཇོག་སའི་ས་

ཁུལ་འདི་བདམས་པ་ཡིན་ལ། དེ་ནི་ང་ཚོ་གཅིག་པུར་ཚོར་བ་ཡོད་པ་ཙམ་མ་ཡིན་པར་གསར་ལམ་ཁག་ཏུའང་དྲིལ་

བསྒྲགས་ཤུགས་ཆེན་འགྲོ་གི་འདུག་ཅེས་དང༌། ཡང་ཁོང་གིས་ཁ་སང་འདིར་སྐུ་མགྲོན་དུ་ཕེབས་པའི་རྒྱ་གར་བ་ཝེ་

ཨེ་སུ་ནེ་ཝེ་ལགས་ཀྱིས། ངས་ཟམ་གདོང་རིན་པོ་ཆེའི་ཞལ་སྔར་ཁྱོད་ཚོས་བོད་དོན་ནི་རྒྱ་གར་གྱི་སྲུང་སྐྱོབ་དང་འབྲེལ་

ཡོད་སྐོར་ནམ་རྒྱུན་ལབ་བསྡད་ཡོད་མོད། ལམ་དབུ་མར་ཕྱིན་ནས་བོད་རྒྱ་འོག་ཏུ་འདུག་གཏན་འཁེལ་ན་རྒྱ་གར་གྱི་

བདེ་སྲུང་ལ་ཕན་པ་སྤུ་ཙམ་མེད་སྟབས། ང་ཚོས་ལམ་དབུ་མར་ངོ་རྒོལ་ཡོད། བོད་པས་བོད་རང་བཙན་རྩོད་ལེན་བྱས་

པ་ཡིན་ན། དོན་དངོས་སུ་རྒྱ་གར་གྱི་སྲུང་སྐྱོབ་ལ་འབྲེལ་བ་ཡོད་ལ།   ངེད་ཅག་གཞུང་དམངས་གཉིས་ཀྱིས་ཀྱང་ཁྱོད་

ཚོར་རྒྱབ་སྐྱོར་ཡོད་ཡོད་པ་རེད་ཅེས་ཞུས་ཚུལ་གསུངས་པ་བཞིན། ཐེངས་འདིར་སིམ་ལར་བོད་རང་བཙན་བསྐྱར་དུ་

གླེང་བ་ཞེས་པ་འདི་གླེང་སྟེགས་ཙམ་ཞིག་མ་ཡིན་པར། ཕྱིས་འབྱུང་ལས་དོན་སྤེལ་ཕྱོགས་ཐད་ལའང་གང་འཚམ་གྱི་

གདེངས་ཚོད་ཡོད་སྐོར་བརྗོད་སོང༌།
               
Konchok Bod Rangzen site
གཞན་ཡང་ཚོགས་ཐོག་དེར་ཤིང་བཟའ་རིན་པོ་ཆེ་དང༌། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། བོད་རང་བཙན་

འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར། དགུ་བཅུ་གསུམ་དྲུང་ཆེ་ཕུན་

ཚོགས་དབང་ཕྱུག གཞོན་ལྷན་རྒྱུན་ལས་བསྟན་འཛིན་ནོར་བཟང༌།     གཞོན་ལྷན་དབུས་རྒྱུན་ཟུར་བ་ཀརྨ་ཆོས་སྐྱིད།

འབྲེལ་བ་ལས་ཁུངས་ཀྱི་འགན་འཛིན་བསོད་ནམས་ལྷུན་འགྲུབ་བཅས་མི་གྲངས་ ༣༠   ལྷག་ཞིག་ཕེབས་ནས་བརྗོད་

གཞི་སྣ་ཚོགས་ཐོག་གཏམ་བཤད་གནང་འདུག

གསར་འགོད་པས་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་གྲས་ཀྱི་དབུས་གཞོན་རྒྱུན་ལས་བསྟན་འཛིན་ནོར་བཟང་ལགས་

སུ་ཚོགས་འདུའི་གྲུབ་འབྲས་སྐོར་དྲིས་པར་ཁོང་གིས། ཚོགས་འདི་དེ་གཙོ་བོ་ན་གཞོན་ཤེས་ཡོན་ཅན་ཚོའི་བསམ་ཚུལ་

གཅིག་ཏུ་སྤུངས་སའི་གོ་སྐབས་ཤིག་ཡོང་རེ་བཅིངས་བ་བཞིན་གཞི་རྩའི་དེ་ལྟར་བྱུང་སོང་།   ཡིན་ཡང་ཚོགས་འདུའི་

དངོས་གཞིའི་སྐབས་གསུང་བཤད་གནང་མཁན་དང་ཉན་མཁན་ལྟ་བུ་ཞིག་ལས་གྲོས་བསྡུར་གྱི་རྣམ་དེ་ཙམ་ཐོན་ཐུབ་

མ་སོང་ཟེར།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན།     འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་ཏར་སེམ་བྷར་ཏི་

མཆོག་དང༌།    ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཝི་ཨེས་ནེ་གི་མཆོག་རྣམ་གཉིས་བཅས་ཆེད་ཞུས་ཀྱིས་

གསུང་བཤད་གནང་འདུག་པ་དང༌། ཚོགས་ཐོག་དེར་གལ་གནད་ཆེ་ཤོས་ཀྱི་གྲོས་གཞི་གཅིག་ནི།   ཉམས་ཞིབ་པ་ཀླུ་

མཁར་བྱམས་ཀྱིས་སྔར་ལོ་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་བཅོ་ལྔ་ཅན་ཞིག་བསམ་ཚུལ་བསྡུ་རུབ་ཀྱི་ངོ་བོར་འགྲེམས་

སྤེལ་བྱས་པ་དེར་ཁོས་བསྐྱར་ཞིབ་སྙན་ཞུ་སྦྱངས་བཤད་བྱས་འདུག་ལ། ཀླུ་མཁར་བྱམས་ཀྱིས་གསར་འགོད་པར་བཤད་

པ་ལྟར་ན། ང་ཚོས་ཚོགས་ཐོག་འདིར་གནད་དོན་འགའ་ཞིག་གཙོ་འདོན་བྱས་ནས་བརྗོད་ཡོད་ལ། དཔེར་ན། ༢༠༡༢ ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་བྱས་ནས་ལོ་ ༡༠༠ འཁོར་པའི་དུས་དྲན་དང་

སྟབས་བསྟུན། སིམ་ལར་ཚོགས་འདུ་ཞིག་གམ། ཡང་ན་བོད་རང་བཙན་དངོས་སུ་བསྐྱར་བསྒྲགས་ཡོང་ཐབས་ཀྱི་གོ་སྐབས་

ཡིན་སྲིད་པས་ཚོགས་འདུ་རྒྱས་པ་ཞིག་འཚོགས་རྒྱུར་ཚང་མ་སྤྱི་མོས་བྱུང་སོང་ལ།      ང་ཚོ་འབྲེལ་ཡོད་རྣམས་ཀྱིས་མི་

འགྱངས་བར་འདིའི་ཐད་ལས་རིམ་སྒྲིག་རྒྱུ་ཡིན། གཞན་ཡང་ད་ཆ་བོད་རང་བཙན་དོན་གཉེར་བྱེད་མཁན་གྱི་ཚོགས་

སྐྱིད་ཁག་དང༌།   སྐྱེས་བོ་སྒེར་བ་རྣམས་མཉམ་རུབ་ཀྱིས་མ་འོངས་པར་བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྐྱ་ཐིག་འདེབས་

མཁན་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུར་ཡང་གྲོས་བསྡུར་ཤུགས་ཆེན་བྱས་ཀྱང༌། དེ་ལ་གནས་སྐབས་རིང་སྤྱི་

མོས་ཀྱི་ཐག་གཅོད་བྱུང་ཐུབ་མ་སོང༌།   ད་དུང་གཞོན་སྐྱེས་ཤེས་འཇོན་ཅན་རྣམས་ཀྱི་ནུས་པ་ཆིག་སྒྲིལ་བྱ་ཆེད། མུ་

མཐུད་ནས་གླེང་སྟེག་འདི་འདྲ་གོ་སྒྲིག་བྱས་ན་དགེ་ཕན་ཡོད་སྐོར་ཚང་མ་མགྲིན་དབྱངས་གཅིག་གྱུར་རེད། གཞན་ད་

ཐེངས་ཚོགས་ཞུགས་པ་ཡོངས་ཀྱིས་གཞི་རྩའི་ཆ་ནས་སྐྱ་ཐིག་དོན་ཚན་བཅོ་ལྔ་པར་ངེས་བཞེས་ཀྱིས་དོན་ཚན་རེ་རེ་

བཞིན་བསྐྱར་ཞིབ་བྱུང་སོང་མོད། མི་བྱེ་བྲག་པས་དོན་ཚན་བྱེ་བྲག་པ་མོས་མཐུན་མེད་པ་བཤད་མ་དགོས་པ་ཞིག་རེད།

དཔེར་ན། ཤིང་བཟའ་རིན་པོ་ཆེ་ཚང་གིས་སྐྱ་ཐིག་ནང་དུ་དུས་བཅད་ནང་རྒྱ་དམག་བོད་ནང་སྡོད་ཆོག་ཅེས་པར་

བཀའ་བཀྱོན་བཏང་སོང་ལ། དབུས་གཞོན་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས། ཁྱེད་ཀྱི་སྐྱ་ཐིག་འདི་རྒྱ་མིར་བསྟུན་

དྲགས་པ་དང༌། མ་འོངས་པར་བོད་རྒྱ་གཉིས་ཀྱིས་བོད་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱ་ཆོག་པ་སྐྱ་ཐིག་ནང་འཁོད་པ་

དེར་ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད་ཟེར། གང་ལྟར་བསམ་ཚུལ་འདི་ལྟར་བྱུང་བའི་སྟབས་ཀྱིས། ང་རང་ལ་མཚོན་ན་མ་འོངས་

པར་སྐྱ་ཐིག་འདི་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ་ཕྱོགས་གཅིག་ཏུ་སྤུངས་རྒྱུར་ས་བོན་ལྟ་བུ་ཞིག་བྱུང་སོང་ཟེར།

༡༩༡༤ ལོར་བོད་ནི་རྒྱ་དཀར་ནག་དང་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པའི་རང་བཙན་རྒྱལ་ཁབས་ཤིག་

ཡིན་པར་བརྟེན། བོད་རྒྱ་དབྱིན་གསུམ་གྱི་སྐུ་ཚབ་རྣམས་དབང་ཚད་མཉམ་པའི་ཐོག་སིམ་ལར་འཛོམས་ནས་གྲོས་མོལ་

བྱས་ཤིང༌། མཐར་རྒྱ་གར་དབྱིན་གཞུང་དང༌།     བོད་སྡེ་བ་གཞུང་གི་བར་སྐད་གྲགས་ཅན་གྱི་སིམ་ལའི་ཆིངས་ཡིག་

བཞག་པ་རེད། བོད་རྒྱལ་ཁབ་ཤོར་སོང་བའི་དེ་རིང་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཁག་ཅིག་སིམ་ལའི་རི་རྩེར་འཛེགས་

ཏེ། སྔོན་བློན་ཆེན་བཤད་སྒྲ་དང༌། མག་ཁི་མ་ཧོང༌། རྒྱའི་སྐུ་ཚབ་ཁྲིན་ཡིས་ཧྥན་རྣམ་པའི་ཞབས་རྗེས་དེད་ནས། སླར་ཡང་

བོད་རང་བཙན་ལ་སྐྱ་ཐིག་བཏབས་ཡོད་པ་རེད།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Build free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།