འཇལ་འདོད་ཡོད་ཟེར
༧གོང་ས་མཆོག་ལ་བསྐྱར་དུ་འཇལ་འདོད་ཡོད་ཟེར།
བོད་ཀྱི་དུས་བབ།
ཐེངས་འདིར་ང་རང་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་མ་ཐུབ་ཀྱང་། སྐུ་ཉིད་ཉི་ཧོང་དུ་ཕེབས་པར་ང་རང་
གིས་དགའ་བསུ་ཡོད། མ་འོངས་པར་ང་རང་གི་ངོས་ནས་ཁྱེད་ལ་མཇལ་རྒྱུར་རེ་བ་ཆེན་པོ་བཅངས་ཡོད་པ་མ་ཟད། བོད་
ཀྱི་བདེན་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཅེས་ཉི་ཧོང་གི་སྲིད་བློན་གྱིས་༧གོང་ས་མཆོག་ལ་གསུང་འཕྲིན་ཞིག་
བསྐུར་ཡོད་འདུག
ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༨ ལ་མཇལ་འཕྲད་གནང་ཡོད་པ་དང་།
སྐབས་དེར་ཁོང་ཚོས་ཐེངས་འདིར་༧གོང་ས་མཆོག་་ཉི་ཧོང་དུ་ཆིབས་བསྒྱུར་གནང་བར་ཉི་ཧོང་སྲིད་བློན་དང་ཁོང་
གི་སྐུ་ལྕམ་རྣམ་གཉིས་གྱིས་དགའ་བསུ་ཞུས་ཡོད་པའི་བརྡ་ལན་ཕུལ་ཡོད་པ་མ་ཟད། སྲིད་བློན་ཡུ་ཁོ་ཧཱ་ཊོ་ཡ་མ་
Yukio Hatoyama མཆོག་ནས་ཐེངས་འདིར་ཁོང་ཉིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་མ་ཐུབ་ཀྱང་།
ཁོང་ཉིད་༧གོང་ས་མཆོག་ལ་མཇལ་རྒྱུའི་རེ་བ་ཆེན་པོ་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། མ་འོངས་པར་བོད་ཀྱི་བདེན་
དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་བརྡ་ལན་ཡང་བསྐུར་ཡོད་པ་རེད། དེ་བཞིན། ༧གོང་ས་མཆོག་གིས་
ཀྱང་སྲིད་བློན་མཆོག་གི་བརྡ་ལན་དེར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག ཉི་ཧོང་གི་སྲིད་དོན་མི་སྣ་དག་ལ་བྱམས་སྙིང་
རྗེའི་རིན་ཐང་ལ་བརྩི་མཐོང་བྱ་དགོས་པ་དང་། ང་ཚོ་ཚང་མ་མཉམ་རུབ་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་སློབ་
གསོ་གོང་འཕེལ་བཏང་སྟེ། འཛམ་གླིང་ཞི་བདེར་སྐུལ་འདེད་བྱ་དགོས། ཅེས་འབོད་སྐུལ་གནང་ཡོད་འདུག
ཕྱི་ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་ཉི་ཧོང་དོན་གཅོད་ཁང་དང་ཉི་ཧོང་གི་ཆོས་ལུགས་མཐུན་ཚོགས་ Shikoku
Buddhist Association དང་ Okinawa Mahabodhi Association བཅས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་
ནས་ཉི་ཧོང་གི་ཚན་རིག་པ་ཁག་ཅིག་ལ་ ''གོ་ལའི་མ་འོངས་པ" ཅེས་པའི་བརྗོད་གཞིའི་ཐོག་ནང་ཆོས་དང་དེང་དུས་
ཚན་རིག་གྱི་ལྟ་གྲུབ་ཟུང་འབྲེལ་གྱིས་བགྲོ་གླེང་གོ་བསྡུར་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཚན་
རིག་པ་རྣམས་ལ་ཁོང་ཉིད་ཀྱིས་བདེ་སྐྱིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་སྟངས་གང་འདྲ་ཞིག་བཟུང་གིན་ཡོད་མེད་དང་།
དེ་བཞིན་ཁོར་ཡུག་གི་གལ་ཆེན་རང་བཞིན་སོགས་ཀྱི་ཐད་ལ་བཀའ་སློབ་བསྩལ་ཡོད། ཁོང་གིས། ང་ཚོར་གོ་ལ་གཅིག་
ལས་མེད་སྟབས། དེ་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཐུན་མོང་གི་འགན་འཁྲི་ཡིན། ང་ཚོས་འདས་པའི་ནོར་འཁྲུལ་
མཐའ་དག་བསྒྱུར་བཅོས་བྱས་ཏེ་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པ་དང་། མ་འོངས་ཞི་བདེ་ལྷིང་འཇགས་ཀྱི་འཛམ་གླིང་
ཞིག་བསྐྲུན་པར་ཚང་མས་འབད་པ་བྱ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
ཐེངས་འདིར་༧གོང་ས་མཆོག་ནས་ཉི་ཧོང་གི་རྒྱལ་སའི་ནང་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཉི་ཧོང་གི་གླིང་ཕྲན་
བཞིའི་མཚོ་འགག་དང་བྱང་ཤར་གྱི་རྫོང་ཁག་ཅིག་གི་ནང་གཟིགས་སྐོར་གནང་རྒྱུ་ཡིན་འདུག་ལ། ཡུལ་དེའི་སྙན་གྲགས་
ཅན་གྱི་དགོན་སྡེ་ཁག་ཏུ་གཟིགས་སྐོར་འཚམས་འདྲིར་ཕེབས་འཆར་ཡོད་པ་རེད།
———
Back

