འགྲེམས་སྟོན་ངོ་རྒོལ
ཉི་ཧོང་དུ་རྒྱ་ནག་གི་འགྲེམས་སྟོན་ལ་ངོ་རྒོལ།
ཟླ་འདིའི་ཚེས་༡༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ཚོང་ལས་སྡེ་ཚན་ཁག་ཅིག་
དང་རྒྱ་ནག་གཞུང་གཉིས་ཟུང་འབྲེལ་ཐོག ཉི་ཧོང་གི་གྲོང་ཁྱེར་ཐོ་ཀྱོ་རུ་‘བོད་འཛམ་གླིང་ཡང་རྩེའི་ཐོག་གི་ནོར་
མཛོད་ ’ཟེར་བའི་འགྲེམས་སྟོན་ཞིག་བཤམས་ཡོད་པར་ས་གནས་དེའི་བོད་མི་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་
ཚོས། རྒྱ་ནག་གཞུང་གིས་ཉི་ཧོང་མི་མང་ལོག་ལམ་དུ་འཁྲིད་ཐབས་དང༌། བོད་ཀྱི་ཆོས་ལུགས་འཛིན་སྐྱོང་བྱེད་
སའི་དགོན་སྡེ་སོགས་གཏོར་བཤིག་བཏང་མེད་ཚུལ་གྱི་རྣམ་འགྱུར་བསྟན་ནས། འཛམ་གླིང་མི་མང་མགོ་སྐོར་
གཏོང་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད།
དེ་ཡང་སླེབས་ལ་ཉེ་བའི་རྒྱ་ནག་གི་མི་ལོ་༦༠ ཧྲིལ་པོ་འཁོར་བའི་རྒྱལ་སྟོན་དུས་ཆེན་དང་སྟབས་བསྟུན་ནས། ས་
གནས་གང་སར་འགྲེམས་སྟོན་སྣ་ཚོགས་བྱེད་བཞིན་ཡོད་པ་དང༌། ལྷག་དོན་རྒྱ་ནག་གུང་ཁྲན་ཏང་གི་ལྟ་སྐྱོང་
འོག་བོད་དང་ཤར་ཏུར་ཀི་སི་ཐན་སོགས་གྲངས་ཉུང་མི་རིགས་ཁག་ལ་བདེ་སྐྱིད་ཐོབ་ཡོད་ཚུལ་འཁྱོག་བཤད་
ཀྱིས་འགྲེམས་སྟོན་མང་པོ་བྱེད་ཀྱི་ཡོད་པ་རེད།
ཉི་ཧོང་དུ་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་བོད་འཛམ་གླིང་ཡང་རྩེའི་ཐོག་གི་ནོར་མཛོད་ཟེར་བའི་འགྲེམས་སྟོན་
ཁང་དེ་ལ། ཉི་ཧོང་རྒྱལ་སྤྱིའི་བླ་སྤྱི་ལྷན་ཚོགས་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ། ཡུལ་དེའི་བོད་མི་བཅས་མཉམ་
འབྲེལ་གྱིས་ངོ་རྒོལ་བྱས་ཡོད་པ་རེད། ཉི་ཧོང་དུ་ཡོད་པའི་བོད་གཞུང་གི་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་
ལགས་ཀྱིས། ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གོ་སྒྲིག་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ནས། འཛམ་
གླིང་འདིའི་མི་མང་ཡོངས་རྫོགས་ཀྱིས་རྒྱ་ནག་དམར་ཕྱོགས་ཚོགས་པའི་དྲག་པོའི་དམག་དཔུང་གིས་བོད་ལ་ཇི་ལྟར་
བཙན་འཛུལ་བྱས་ཡོད་མེད་ཤེས་གསལ་རེད་ལ། བོད་ཀྱི་དགོན་སྡེ་ཁག་༦༠༠༠ ཙམ་གཏོར་བཤིག་བཏང་བ་དང། ཆོས་
ལུགས་ལ་དད་པ་ཡོད་ཅིང་ཞི་བདེ་ལ་དགའ་མཁན་གྱི་བོད་མི་མང་གིས། དེང་སྐབས་བསམ་ཡུལ་ལས་འདས་པའི་
དཀའ་སྔུག་མྱོང་བཞིན་ཡོད་པ་རེད་ཅེས་དང། འགྲེམས་སྟོན་ཁང་དེའི་ཅ་དངོས་སོགས་འགྲེམས་སྟོན་བྱེད་སྟངས།
བོད་ཀྱི་རིག་གཞུང་དང་རྩ་ཆེན་དངོས་པོ་རྣམས་ཉར་ཚགས་ཚུལ་ལྡན་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་ཐབས་བྱས་ཡོད་
ཀྱང། འགྲེམས་སྟོན་ཁང་དེའི་རྩ་ཆེན་ཅ་དངོས་རྣམས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་ནས་ཁྱེར་བའི་
དངོས་པོ་དང། མི་སེར་གྱི་ལག་ནས་བཙན་འཕྲོག་བྱས་པའི་རྩ་ཆེན་དངོས་པོ་ཤ་སྟག་ཡིན་པས། སློབ་སྦྱོང་ཡོད་མཁན་
ཚོར་ད་ཐེངས་ཀྱི་འགྲེམས་སྟོན་འདིས་བོད་ཀྱི་བདེན་པ་ར་སྤྲོད་བྱས་ཡོད་ལ། འགྲེམས་སྟོན་ཁང་གི་ཅ་དངོས་འདིས
་རྒྱ་ནག་གི་འགྲེམས་སྟོན་བྱས་པའི་དམིགས་ཡུལ་མི་འགྲུབ་པར། དེ་ལས་ལྡོག་པའི་ལན་ཞིག་བརྒྱབ་ཡོད་པ་རེད་ཅེས་
གསུང་བཤད་གནང་ཡོད་པ་རེད། ངོ་རྒོལ་བ་ཡོངས་རྫོགས་འགྲེམས་སྟོན་ཁང་གི་ཉེ་འགྲམ་དུ་འཛོམས་ནས། ལོ་སྔོན་
མ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་བྱས་པར་མྱ་ངན་རྗེས་དྲན་བྱས་ཡོད་པ་དང། དེ་ནས་བོད་ཀྱི་
རྒྱལ་དར་ཁྱེར་ནས་ཉི་ཧོང་གི་གྲོང་ཁྱེར་ཐོ་ཀྱོའི་ཁྲོམ་གཞུང་ཁག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་པ་རེད།།
———
Back

