མིག་ནང་གི་བོད་དོན།

30/11/2009 14:03

 

རྒྱལ་སྤྱིའི་མིག་ནང་གི་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༦ སྟེངས་རྩོམ་སྒྲིག་པས་གཏམ
ཟླ་འདིའི་ཕྱི་ཚེས་༡༨ དང་༡༩ གཉིས་ལ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་

རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་འཚོགས་ཡོད་པ་དང༌།    སྐབས་དེར་རྒྱལ་ཁབ་༢༩ ཙམ་གྱི་གྲོས་

ཚོགས་འཐུས་མི་གང་མང་ཕེབས་ཐུབ་ཡོད་པ་རེད། སྐབས་འདིར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཡུ་རོབ་གྲོས་

ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཡང་ཕེབས་ཡོད་པ་དང༌། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གང་མང་ཞིག་གིས་བོད་

དོན་ལ་གཟིགས་སྟངས་དེ་རྒྱ་ནག་གི་འགྲེལ་བཤད་རྫུན་མ་ཁག་དང་མི་འདྲ་བར་བོད་པའི་དངོས་ཡོད་གནས་

ཚུལ་ཇི་བཞིན་ཤེས་རྟོགས་ཡོད་པ་དང༌། རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱི་སེམས་ནང་དུ་བོད་དོན་

དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང༌། ནམ་ཞིག་བདེན་པའི་རྒྱལ་ཁ་འཐོབ་རྒྱུ་ཡིན་པ། ཁོང་རྣམས་ཀྱིས་

ལྷག་བསམ་རྣམ་དག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་བོད་

དོན་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་ཀྱི་ཐོག་ནས་ནུས་པ་གལ་ཆེན་ཐོན་འདུག དེ་བཞིན་ཚོགས་འདུ་འདི་

ལྟ་བུས་རྒྱལ་ཁབ་གང་མང་གི་གྲོས་ཚོགས་དང༌། གཞུང་ལ་འབྲེལ་བ་བྱེད་རྒྱུའི་གོ་སྐབས་གསར་པ་གང་མང་ཞིག་

ཀྱང་ཐོབ་ཐུབ་ཡོད་པ་ནི་དགའ་འོས་པའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད། འོན་ཀྱང་བོད་པའི་ངོས་ནས་སླད་ཀྱི་ཆར་

ཡང་གོ་སྐབས་མ་ཤོར་བར་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་དུས་ནས་དུས་སུ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་

དང་འབྲེལ་བ་ཞུ་རྒྱུ་འཐུས་ཤོར་མེད་པ་གནང་དགོས་པ་འདི་གལ་ཆུང་དུ་གཏོང་མི་རུང་བའི་ར་སྤྲོད་གསལ་པོ་

བྱས་པ་ཞིག་ཏུའང་གྱུར་ཡོད།
རྒྱ་ནག་གཞུང་ལ་མཚོན་ན་དམག་དོན་དང་དཔལ་འབྱོར། མི་འབོར་བཅས་ཀྱི་ཐོག་ནས་སྟོབས་ཤུགས་ཆེ་བས་

འཛམ་གླིང་གི་རྒྱལ་ཁབ་མང་པོས་རང་བཞིན་གྱིས་བསྟུན་དགོས་པ་ཞིག་ཆགས་ཡོད་ཀྱང༌། གང་བཤད་པ་མང་

པོ་ཞིག་ཧམ་བཤད་དང་དངོས་ཡོད་གནས་ཚུལ་ལས་བརྒལ་བ་འབའ་ཞིག་ཡིན་པས། རྒྱལ་སྤྱིའི་གནད་ཡོད་མི་

སྣ་མང་པོ་ཞིག་གི་སེམས་ནང་དང་མིག་ནང་དུ་དྲང་བདེན་དང་དངོས་ཡོད་གནས་ཚུལ་གྱི་ལམ་དུ་ཤར་བསྐྱོད་

བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་མཐོང་གི་མེད་པ་མ་ཟད། རྒྱལ་ཁབ་མང་པོ་ལ་འཇིགས་སྐུལ་དང་གནོན་ཤུགས།

གཡོ་རྫུན་ཁོ་ན་བཤད་མཁན་གྱི་གཞུང་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། ད་ལྟ་བོད་ཀྱི་གནད་དོན་འདི་ལ་

མཚོན་ན་རྒྱལ་སྤྱིའི་ཐོག་མཐོ་ཚད་དུ་སླེབས་ཡོད་པ་དང༌།     དེ་ཡང་གཙོ་བོ་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་

དོན་ལ་འཁྱོག་བཤད་དང༌། ༧གོང་ས་མཆོག་ལ་སྐུར་འདེབས་ཚད་མེད་བཟོས་ནས་རྒྱལ་སྤྱིའི་ནང་དུ་བོད་དོན་

ལ་དོ་སྣང་ཆེན་པོ་སླེབས་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག

རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་བྱས་པ་ལ་བརྟེན་

ནས་བོད་ཀྱི་གནད་དོན་ངོ་མ་དེ་འཛམ་གླིང་གི་ནང་དུ་ཤེས་རྟོགས་ཐུབ་པའི་གོ་སྐབས་འདི་ཉིད་རྒྱ་གཞུང་གིས་

བསྐྲུན་པ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་དུ་གྱུར་ཡོད། གང་ལྟར་ད་ལྟའི་ཆར་མཐུན་རྐྱེན་དང་ཁོར་ཡུག་

གི་གནས་སྟངས་ཐོག་གོ་སྐབས་དམ་འཛིན་གནང་ཐུབ་ཡོད་ལ། མ་འོངས་པར་ཡང་མུ་མཐུད་ནས་འབད་བརྩོན་

གནང་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། སྐབས་འདིར་གནས་སྟངས་མང་པོ་ཞིག་གི་ཐོག་ནས་བོད་དོན་

ལ་དོན་དངོས་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཧ་ཅང་མང་བའི་སྐབས་འདིར་བོད་མི་རྣམས་ཀྱིས་ཀྱང་

དེ་མཚུངས་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞབས་འདྲེན་མ་ཞུས་པ་ཞིག་ངེས་པར་དུ་བྱེད་དགོས། སྔོན་མ་ཡིན་

ན་འཛམ་གླིང་གི་མི་ཕལ་མོ་ཆེའི་སེམས་ནང་དུ་༧གོང་ས་མཆོག་བོད་མི་རིགས་ཀྱི་གཟུགས་བརྙན་ལྟ་བུར་ངོས་

འཛིན་གནང་བཞིན་ཡོད་ཀྱང༌། ད་ལྟའི་ཆར་ནུབ་ཕྱོགས་ཀྱི་ཡུལ་ལུང་ཁག་གི་ནང་དུ་བོད་མི་གང་མང་ཞིག་

འབྱོར་བཞིན་ཡོད་པ་དང༌།

ལྷག་པར་དུ་ཆོས་བྱེད་མི་སྣའི་མིང་ཁུར་བའི་རྫུན་མ་ཁག་ཅིག་གིས་གནད་དོན་གང་ལའང་ཕྱི་འདང་མི་རྒྱག་

པར་གནས་སྐབས་དཔལ་འབྱོར་འཚོལ་སྒྲུབ་ཁོ་ནའི་ཆེད་དུ་མགོ་གཡོག་མགོ་སྐོར་གཏོང་མཁན་ཡོད་པ་དེ་དག་

གི་བྱ་སྤྱོད་ཐོག་ནས་བོད་པ་དང་བོད་དོན་ལ་མཐོང་དང་ཆ་འཇོག་ཆུང་དུ་འགྲོ་སྲིད་པའི་ཉེན་ཁ་ཞིག་ཀྱང་རང་

བཞིན་གྱིས་སླེབས་ཡོད་པ་སོགས་ཕྱོགས་ཡོངས་ནས་འཐུས་ཤོར་དུའང་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་ལ་

གདོང་ལེན་བྱེད་རྒྱུའི་དུས་ལ་བབ་ཡོད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།