མགོ་ལོག་ཟླ་བྷེ་
སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་བཙན་བྱོལ་དུ་འབྱོར་འདུག
བོད་ཀྱི་དུས་བབ།
སྒྱུ་རྩལ་པ་དང་རྩོམ་པ་པོ་མགོ་ལོག་ཟླ་བྷེ་ལགས་ཀྱིས་ཁ་ཤགས་དང་གཏམ་བརྗོད། གར་ཆུང་། གཏམ་བཤད་བཅས་ཀྱི་
བརྗོད་བྱར་བོད་མིའི་ལ་རྒྱ་དང་མི་རིགས་ཀྱི་བདེ་སྡུག་བརྗོད་ཡོད་ལ། ལ་གཞས་དང་རྡུང་ལེན། གླུ་གར། འཁྲབ་སྟོན་
སོགས་ཀྱི་ལམ་ནས་མི་རིགས་སློབ་གསོ་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབས་ཡོད་ཀྱང་། རྒྱ་གཞུང་གིས་ཆབ་སྲིད་
ཀྱི་ཉེས་འཛུགས་བྱས་ཏེ་དམ་དྲག་དང་སིན་གཙེར་མ་བཟོད་པར་ད་ལྟ་བལ་ཡུལ་ནང་བཙན་བྱོལ་དུ་འབྱོར་ཡོད་འདུག

ཉེ་ཆར་ཕྱི་ཚེས་ ༢༩ ཉིན་གངས་གཞོན་གླེང་སྟེགས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ཉེ་སྔོན་མགོ་ལོག་རྨ་ཡུལ་སེང་
ཆེན་སྒྱུ་རྩལ་ཚོགས་པ་སྒོ་བརྒྱབས་ཡོད་པ་མ་ཟད། སྒྱུ་རྩལ་པ་གྲགས་ཆེན་མགོ་ལོག་ཟླ་པེ་ལགས་ལ་རྒྱ་སྒོར་ཁྲི་དྲུག་
༦༠༠༠༠ གི་ཆད་པ་བཅད་དེ་གུ་ཡངས་ཙམ་བཏང་ཡོད་ཀྱང་། ད་ལྟ་ཁོང་གར་སོང་ཆ་མེད་ཆགས་འདུག ཅེས་བཀོད་
འདུག་ལ། ཕྱི་ཚེས་ ༢༠ ཉིན་མགོ་ལོག་ཟླ་བྷེ་བཟའ་མི་གཉིས་ཀ་བལ་ཡུལ་ནང་བཙན་བྱོལ་དུ་འབྱོར་ཡོད་པའི་གནས་
ཚུལ་ཞིག་ཀྱང་ཐོན་ཡོད་སྟབས། དེ་རིང་ཞོགས་པ་འདི་གའི་གསར་འགོད་པ་བོད་གཞུང་དཔེ་མཛོད་ཁང་གི་ལས་བྱེད་
མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱི་སར་བཅར་ཏེ། མགོ་ལོག་ཟླ་བྷེ་སྐོར་ལ་མཁྱེན་རྟོགས་ཡོད་མེད་བཅར་འདྲི་
ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། མགོ་ལོག་ཟླ་པེ་སྐོར་ལ་རྒྱུས་མངའ་གང་འཚམས་ཡོད། ཁ་སང་ཁ་པར་འབྱོར་
བ་ལྟར་ན་ཁོང་ད་ལྟ་བལ་ཡུལ་སྣེ་ལེན་ཁང་དུ་སླེབས་ཡོད་རབས་འདུག མགོ་ལོག་ཟླ་པེ་མགོ་ལོག་རྨ་སྟོད་ནས་རེད།
གླུ་བ་དང་ཁ་ཤགས་བཤད་མཁན་གྲགས་ཆེན་ཞིག་རེད། ཁོང་ཅག་མི་སྐོར་ཞིག་གིས། ༼ རྨ་ཡུལ་སེང་ཆེན་སྒྱུ་རྩལ་ཚོགས་
པ ༽ བཙུགས་ཏེ། ཁོང་གིས་ཚོགས་གཙོའི་འགན་བཞེས་པ་རེད། ཚོགས་པ་དེའི་ཚོགས་མི་ཡོངས་རྫོགས་གླུ་བ་དང་ཁ་ཤགས་
བཤད་མཁན། འཁྲབ་སྟོན་པ། རྩོམ་པ་པོ་སོགས་སྒྱུ་རྩལ་པ་རྐྱང་རྐྱང་རེད། ཁོ་ཚོས་བོད་མིའི་ཡིག་རྨོངས་ཀྱི་གནས་སྟངས་
དང་རྗེས་ལུས་ཀྱི་རྣམ་པ། རོང་འབྲོག་མང་ཚོགས་ཀྱི་དཀའ་སྡུག་གི་འཚོ་བ་སོགས་བརྗོད་གཞིར་བཟུང་སྟེ། གླུ་དང་ལ་
གཞས། ཁ་ཤགས་དང་གཏམ་བརྗོད། གར་ཆུང་སོགས་ཀྱི་སྒྲ་ཐག་དང་བརྙན་འཁོར་མང་པོ་ཕུད་ཡོད་ལ། བོད་ཡུལ་གྱི་ས་
གནས་མང་པོར་ཕྱིན་ཏེ་འཁྲབ་སྟོན་བྱས་ཡོད།
ཁོང་ཅག་གིས་རྒྱ་བོད་གནད་དོན་དང་བོད་མིའི་འདོད་འདུན། འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། རང་དབང་
བཅས་ཀྱི་ནང་དོན་ལྡན་པའི་འཁྲབ་སྟོན་དང་གཏམ་བཤད་ཀྱང་མང་པོ་བྱས་ཡོད་སྟབས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་
འཛུགས་བྱས་ཏེ། མགོ་ལོག་ཟླ་པེ་འཛིན་བཟུང་བྱས་ཤིང་། རྨ་ཡུལ་སང་ཆེན་སྒྱུ་རྩལ་ཚོགས་པ་སྒོ་བརྒྱབས་པ་རེད། དེའི་
རྗེས་རྒྱ་སྒོར་དྲུག་ཁྲི་ ༦༠༠༠༠ ཙམ་གྱི་ཉེས་ཆད་འཁུར་ཏེ། གློད་གྲོལ་ཙམ་ཐོབ་ཡོད་ཀྱང་། ཉེན་རྟོག་པ་དང་ཆབ་སྲིད་
བདེ་འཇགས་མི་སྣས་དོ་དམ་འོག་བཞག་སྟེ། གླུ་གར་དང་འཁྲབ་སྟོན་རིགས་གང་འདོད་བྱེད་དབང་མེད་པ་མ་ཟད།
འགྲོ་སྐྱོད་རང་དབང་ཡང་མེད་པ་ཆགས་ཏེ་སིན་གཙེར་ཚོད་མེད་བྱས་པ་རེད། ཁ་སང་ཁོང་བལ་ཡུལ་ནང་འབྱོར་ཡོད་
པ་ཐོས་མ་ཐག་ངས་བརྩད་གཅོད་བྱས་པ་ཡིན། འགའ་རེ་ཡིས་ཟླ་པེ་གཅིག་པུ་བཙན་བྱོལ་དུ་འབྱོར་འདུག་ཟེར་ལ། ཡང་
འགའ་རེ་ཡིས་ཟླ་བྷེ་དང་ཁོང་གི་བཟའ་ཟླ་གཉིས་ཀ་སླེབས་འདུག་ཀྱང་ཟེར། གང་ལྟར། མགོ་ལོག་ཟླ་པེ་བལ་ཡུལ་དུ་འབྱོར་
ཡོད་པ་དངོས་ཡོད་རེད། ཁོང་བལ་ཡུལ་དུ་འབྱོར་མ་ཐག་དེར་ཡོད་བོད་རིགས་མང་པོ་ཞིག་འཚམས་འདྲིར་བཅར་ཏེ།
ཁོང་ལ་ཁ་གཏགས་འཐེན་ཡོད་འདུག སྐབས་དེར་ཁོས། སྤྱིར་ང་རང་བཙན་བྱོལ་དུ་ཡོང་འདོད་མེད། ཕྱིའི་རྒྱལ་ཁབ་ཅིག་
ནས་བོད་དོན་ལ་ལས་ཀ་བྱེད་རྒྱུ་ལས། བོད་ནང་ནས་བསྡད་དེ། བོད་དོན་ལ་ལས་ཀ་བྱས་པ་ཡིན་ན་ནུས་པ་འཐོན་གྱིན་
འདུག་མོད། འོན་ཀྱང་། རྒྱ་གཞུང་གི་དམ་དྲག་དང་སིན་གཙེར་འོག་ཨུ་ཐུག་སྟེ་ཐེངས་འདིར་བཙན་བྱོལ་དུ་ཡོང་དགོས་
བྱུང་སོང་། ཞེས་རྗོད་ཀྱིན་འདུག་ཟེར། ཁོས་བཤད་པའི་ཁ་ཤགས་དང་གཏམ་བརྗོད་དག་གི་བརྗོད་བྱ་གཙོ་བོ། དེང་དུས་
བོད་ཡུལ་འབྲོག་ཁུལ་དུ་རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་ཚབས་ཆེན་ཡིན་པ་དང་། གྲྭ་བ་དང་བླ་སྤྲུལ་ཚོ་གྲོང་ཁྱེར་
ཁག་ཏུ་ཉུལ་དེ་ཚུལ་མིན་སྣ་ཚོགས་བྱེད་ཀྱིན་ཡོད་པར་དགག་རྒྱག་དང་ཐེར་འདོན་བྱས་ཡོད་ལ། དེ་ལ་མང་ཚོགས་ཀྱིས་
དགའ་བསུ་ཡང་ཆེན་པོ་ཐོབ་ཡོད། ཅེས་གསུངས་སོང་།
སྔར་ལོའི་མོ་མཇུག་ཏུ་མདོ་སྨད་མི་དམངས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ཞི་བའི་ངོ་རྒོལ་གྱི་བྱུང་རབས་ཟིན་ཐོ།
༼ས་བྱི་ཞི་རྒོལ་ཆེན་མོ། ༽ ཞེས་པའི་དཔེ་དེབ་ནང་མགོ་ལོག་ཟླ་པེ་ཡི་གནས་ཚུལ་ཕྲན་ཙམ་འཁོད་པའི་ནང་། རྨ་སྟོད་རྫོང་ནི་
མགོ་ལོག་ཁག་གསུམ་གྱི་ཨ་སྐྱོང་ར་ལོ་ཚང་གི་འབྲོག་སྡེ་ཡིན། མཚོ་ནག་མ་ཞང་གི་ཟླ་བྷེ་ནི། མདོ་སྨད་ཕྱོགས་སུ་སྐད་གྲགས་
ཡོད་པའི་མཚར་གཏམ་དང་། ཁ་ཤགས་བཤད་མཁན་ཞིག་ཡིན། ཁོང་བཙོན་འཇུག་བྱས་པའི་ཟླ་ཚེས་མ་ཤེས་ཀྱང་། སྤྱི་ལོ་
༢༠༠༨ ཟླ་ ༥ ཚེས་ ༡༠ ཉིན་ཉེས་ཆད་རྒྱ་སྒོར་ཁྲི་དྲུག་ ༦༠༠༠༠ བླངས་ཏེ་གནས་སྐབས་རིང་བཙོན་ནས་གློག་གྲོལ་བཏང་
ཡོད་འདུག ཅེས་བཀོད་འདུག

སྤྱི་ལོ་ ༢༠༠༢ ལོའི་མཚོ་སྔོན་མང་ཚོགས་སྒྱུ་རྩལ་དུས་དེབ་ནང་སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་ངོ་སྤྲོད་བྱས་དོན། མགོ་ལོག་ཟླ་
བྷེ། ཆུང་མིང་ལ་འཕས་འཛི་ཟླ་བ་ཐར། སྤྱི་ལོ་ ༡༩༦༨ ལོའི་ཟླ་ ༨ པར་མོག་ལོག་རྨ་སྟོད་ཚ་ཁོ་སྡེ་བར་སྐྱེས། ཆུང་དུས་ནས་
བོད་ཡིག་རང་སྦྱོང་བྱས། རང་ལོ་ ༡༦ སྟེང་ ( རྨ་ཆེན་གངས་རིའི་བསྟོད་པ་རང་སེམས་དྭངས་པའི་གང་ཤར ) ཞེས་པ་
གསར་རྩོམ་བྱས་ཏེ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གིས་རྒྱང་བསྒྲགས་བྱས། དེ་ནས་བཟུང་སྒྲུང་དང་ས་
སྟོད་ཆུ་སྟོད་སོགས་འབྲི་མགོ་བརྩམས། ལོ་ ༡༧ སྟེང་ ( བོད་ཀྱི་ལྷ་བསང་ཀི་འབོད་ཆེན་མོ་དགོས་འདོད་ནོར་བུའི་ཆར་
འབེབ ) ཅེས་པ་གསར་རྩོམ་བྱས། ལོ་ ༢༡ སྟེང་ཨ་མདོའི་ལ་གཞས་དགུ་ཚིགས་ཞེས་པ་གསར་རྩོམ་བྱས་ཏེ་སྒྲ་ཐག་ཁྱབ་
བརྡལ་ཆེན་པོ་བྱུང་། ལོ་ ༢༣ སྟེང་མཚོ་ལྷོ་འཕྲོད་བསྟེན་སློབ་གྲྭ་ནས་སྨན་ལ་སྦྱོང་བ་བྱས། ལོ་དེར་བོད་ཀྱི་ ( གཉེན་སྟོན་ཁ་
ཚང་ ) ཞེས་པ་གསར་རྩོམ་གྱིས་སྒྲ་ཕབ་པས་མདོ་སྨད་དུ་སྐད་གྲགས་བྱུང་། ལོ་ ༢༨ སྟེང་མཚོ་སྔོན་ཞིང་ཆེན་སྐབས་དང་
པོའི་བོད་སྐད་ཁ་ཤགས་དང་བཞད་གར་ཆུང་བའི་འགྲན་སྡུར་ཐོག ཁོང་གིས་གསར་རྩོམ་བྱས་ཤིང་ཁོ་རང་གིས་བཤད་
པའི་ཁ་ཤགས་ ( བསམ་དཀར་བསམ་ནག ) ཞེས་པར་བྱ་དགའ་ཨང་དང་པོ་ཐོབ།
མཚོ་སྔོན་གྱི་སྐབས་གཉིས་པའི་ཁ་ཤགས་འགྲན་སྡུར་ཁྲོད་ཁོས་བརྩམས་ཤིང་། ཁོ་རང་གིས་བཤད་པའི་ཁ་ཤགས་
( བཀའ་དྲིན་ཆེ ) ཞེས་པར་བྱ་དགའ་ཨང་དང་པོ་ཐོབ། ད་སྔ་ཁོང་གིས་ཁ་ཤགས་སོགས་ཀྱི་སྒྲ་ཐག་ ༢༠ ལྷག་དང་
བསྙན་སྡེར་བཞི་ལྔ་ཙམ་ཕུད་ཡོད་ལ། མཚོ་སྔོན་ཞིང་ཆེན་རྒྱང་བསྒྲགས་ཁང་དང་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་
གསར་དགོང་ཚོགས་ལའང་ཐེངས་མང་ཞུགས་མྱོང་། སྐབས་དང་པོའི་རྨ་ཡུལ་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་
ལ་ལེགས་སྐྱེས་སུ་ཕུལ་བའི་ ( གེ་སར་བསང་མཆོད་ ) དང་། ( གེ་སར་བཤད་པ ) ( གེ་སར་ཁ་ཤགས ) ( གེ་སར་ལྷ་
སྒྲུང་ ) སོགས་ཀྱི་སྒྲ་ཐག་དང་བརྙན་སྡེར་འགའ་ད་ལྟ་པར་སྐྲུན་བྱེད་བཞིན་ཡོད་ལ། གཞན། ཁོང་གིས་གསར་རྩོམ་
བྱས་པའི་གླིང་སྒྲུང་སོགས་མང་པོ་ཞིག་ད་དུང་དཔེ་དེབ་དང་སྒྲ་བརྙན་འཕྲིན་སོགས་སུ་ཕབ་མ་ཐུབ་པར་ལྷག་ཡོད།
ད་ལྟ་ཁོང་གིས་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པ་རུ་བྱ་བ་གཉེར་བཞིན་མུ་མཐུད་དུ་བོད་ཀྱི་དམངས་ཁྲོད་
སྒྱུ་རྩལ་ལ་འབད་ཀྱིན་ཡོད། ཅེས་བཀོད་འདུག
———
Back

