བློ་བཟང་བདེ་ལེགས་ལ་བཅར་འདྲི།

01/04/2012 13:59

 

 

གཞས་ཀྱི་ལམ་ནས་ཕ་སྐད་ལ་ཞབས་འདེགས་ཅུང་ཞུ་ཐུབ་སོང་།

བོད་ཀྱི་བང་ཆེན།།

ན་གཞོན་གཞས་པ་བློ་བཟང་བདེ་ལེགས་ལགས་སུ་བཅར་འདྲི། དྲི་བ། ཐོག་མར་ཁྱེད་རང་གིས་གསར་དུ་བཏོན་པའི་འོད་སྡེར་<<བོད་ལ་འགྲོ་>>ཞེས་པ་དེ་ངོ་སྤྲོད་མདོར་བསྡུས་གནང་རོགས།

ལན། ངས་གསར་དུ་བཏོན་པའི་འོད་སྡེར་དེའི་ནང་མཛའ་གླུ་དང་། བོད་ལ་འགྲོ། ཁམས་གཞས། སྙིང་གཏམ། མཆོད་ཆང་། སྐལ་བཟང་མེ་ཏོག བྱུང་ཡ་རི་ལོ་སོགས་གཞས་སྣ་བདུན་ཡོད། འོད་སྡེར་འདིའི་ཁ་བྱང་(བོད་ལ་འགྲོ་)ཞེས་པ་དེ་རེད། དེ་ཡང་ངས་སེམས་ལ་གང་འཁོར་གྱིས་བཏགས་བཞག་པ་ཞིག་གཏན་ནས་མིན། ཁ་བྱང་འདིའི་ཐོག་ནས་ངའི་སེམས་ཁོང་གི་ན་ཟུག་དང་། ཡུལ་གྱར་བའི་མི་རིགས་ཤིག་གིས་སོ་སོའི་ཕ་ས་ལ་དུང་བའི་སེམས་ཁམས་ཕྱིར་མངོན་བྱས་ཡོད་བསམ་གྱི་ཡོད།

དྲི་བ། བོད་ཀྱི་ན་གཞོན་གཞས་པ་ཞིག་ཡིན་པའི་ཆ་ནས། ཁྱེད་རང་ཉིད་ཀྱི་ངོས་ནས་མི་རིགས་ཀྱི་འགན་ཁྲི་གཙོ་བོ་དེ་གང་ཡིན་བསམ་གྱི་ཡོད། 
lo delekལན། ད་ལྟའི་ཆར་ང་ལ་བཙན་བྱོལ་ཁྲོད་ནས་གཞས་གཏོང་མཁན་གྱི་མིང་འདྲ་བོ་ཞིག་རག་ཡོད་རེད། རྩ་བའི་མི་སོ་སོའི་ནུས་པ་དང་འཇོན་ཐང་མི་འདྲ་བ་ཡིན་པ་ལྟར། གང་ཟག་སོ་སོས་མི་རིགས་ཀྱི་འགན་འཁྲི་ལེན་སྟངས་ཀྱི་ཁ་ཕྱོགས་ཀྱང་མི་འདྲ་བ་རེད། མི་ཁ་ཤས་ཀྱིས་ཕ་སྐད་གཙང་མའི་གཏམ་བཤད་དང་། ཁ་ཤས་ཀྱིས་དབྱངས་གསལ་སོ་བཞིའི་འབྲི་རྩལ་སོགས་སྤྱད་དེ། ཐབས་ཤེས་འདྲ་མིན་ཞིག་གི་ཐད་ནས་ཕ་སྐད་རྒྱུན་འཛིན་བྱེད་ཀྱི་ཡོད་རེད། དེར་བརྟེན། ང་རང་ཉིད་ཀྱི་ཆེད་ལས་སམ་དགའ་ཕྱོགས་གཞས་རེད། གནད་དོན་དེའི་ཐོག་ནས་བོད་མིའི་སྐད་ཡིག་རྒྱུན་འཛིན་དང་མི་རིགས་ལ་ཞབས་འདེགས་བྱ་རྒྱུ་དེ་ངའི་འགན་ཡིན་བསམ་གྱི་ཡོད། དེང་སང་དུས་ཚོད་ཀྱི་རྐྱེན་པས་ན་གཞོན་མང་པོ་ཞིག་གི་སེམས་ཁམས་ལ་བོད་གཞས་ཀྱི་བག་ཆགས་ཡོད་མ་རེད་ལ། བོད་གཞས་ལ་དགའ་པོ་ཡང་བྱེད་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་ངས་གཞས་འདི་མང་ཚོགས་ཀྱི་རྣ་ལམ་དུ་བཀྲམ་པར་བརྟེན། ནམ་རྒྱུན་བོད་གཞས་ལ་དོ་སྣང་མེད་མཁན་གྱི་ན་གཞོན་མང་པོ་ཞིག་བོད་གཞས་ལ་དགའ་མཁན་ཆགས་འདུག གང་ཡིན་ཟེར་ན། ཁ་སང་གཞོན་སྐྱེས་མང་པོ་ཞིག་གིས་ང་ལ་ཁ་པར་བརྒྱུད་ནས་“སྔོན་མ་ང་བོད་གཞས་ལ་དགའ་པོ་མེད། ཡིན་ན་ཡང་ཁྱེད་རང་གི་གཞས་ཉན་ནས། ང་བོད་གཞས་ལ་དགའ་པོ་ཆགས་སོང་ཟེར་གྱི་འདུག” དེ་འདྲ་ཡིན་དུས། ང་རང་གི་ཐོག་མའི་དམིགས་ཡུལ་བཞིན་གཞས་ཀྱི་ལམ་ནས་ཕ་སྐད་རྒྱུན་འཛིན་གྱི་ཐོག་ཞབས་འདེགས་གང་འཚམས་ཤིག་ཞུ་ཐུབ་སོང་བསམ་གྱི་ཡོད།

དྲི་བ། ཁྱེད་རང་གཞས་པ་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་གཞས་གཏོང་ཕྱོགས་དང་བཟོ་ཕྱོགས་ཀྱི་ཐད་ནས་དཀའ་ངལ་གང་འདུག 
ལན། ང་རང་ལ་ཆ་བཞག་ན་བོད་ནས་སླེབས་པ་ཡིན། སྐད་ཆ་ཐད་ཀར་བཤད་ན་འདིར་གཏན་འཇགས་ཀྱི་འདུག་སའི་ཁང་པ་དེ་འདྲ་ཡོད་པ་མ་རེད། ཡིན་ན་ཡང་སོ་སོས་གང་འཇོན་འཇོན་གྱིས་ཆུང་ས་ནས་བཤད་ན་སོ་སོའི་རྐང་མགོར་ལངས་ཐབས་དང་། ཆེ་ས་ནས་བཤད་ན་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ཆེད་གཞས་བཏང་སྟེ་སྤྱི་ཚོགས་སུ་ཐེངས་ཁ་ཤས་བཀྲམ་པ་རེད། དེ་ཡང་ང་ཚོ་ལ་སྒོར་མང་དྲགས་པ་དང་སྣང་བ་སྐྱིད་དྲགས་ནས་མ་རེད། འོད་སྡེར་གཅིག་གི་དོན་དག་ལ་དཀའ་ལས་མང་པོ་དགོས་ཀྱི་ཡོད་རེད། ཡིན་ན་ཡང་ང་ཚོས་འགྲོ་སོང་བཏང་། དཀའ་ལས་དེ་འདྲ་བརྒྱབ་ནས་སྤྱི་ཚོགས་སུ་བཀྲམ་བཞག་པ་དེ། མི་ཁ་ཤས་ཤིག་གིས་ལས་སླ་པོའི་ངང་འདྲ་བཤུས་བྱས་ནས་བཙོང་གི་འདུག  དེ་དཀའ་ངལ་ཆེ་ཤོས་རེད། དཀའ་ངལ་དེ་ང་གཅིག་པུ་མ་རེད་བོད་ཕྱི་ནང་གཉིས་ཀྱི་གཞས་པ་གཞས་མ་ཚང་མར་ཡོང་གི་ཡོད་རེད།

དྲི་བ། དེང་སང་མི་མང་པོ་ཞིག་གིས་བོད་ནང་གི་གཞས་ཚིག་དང་བཙན་བྱོལ་ནང་གི་གཞས་ཚིག་གཉིས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་འདུག་ཟེར་གྱི་ཡོད་རེད། དེ་ལ་ཁྱེད་རང་གི་ལྟ་ཚུལ་ག་རེ་ཡོད། 
ལན། བོད་ནང་གི་གཞས་ཚིག་དང་། བཙན་བྱོལ་ནང་གི་གཞས་ཚིག་གཉིས་ཀྱི་བར་ལ་ཁྱད་པར་ཏན་ཏན་ཡོད་པ་རེད། བོད་ནང་གི་གཞས་པ་ཚོར་མི་མང་གིས་རྒྱབ་སྐྱོར་དང་མཐོང་ཆེན་པོ་ཡོད་པ་རེད་ལ། དེ་ནང་བཞིན་གཞས་ཚིག་འབྲི་མཁན་དང་གདངས་རྩོམ་མཁན་ལོགས་སུ་ཡོད་པ་རེད། ཡིན་ན་ཡང་བཙན་བྱོལ་ནང་གི་གཞས་པ་ཚོར་མཚོན་ན། མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་མ་རེད། ཚིག་དང་གདངས་ཚང་མ་སོ་སོས་བཟོ་དགོས་ཀྱི་ཡོད་རེད་ལ། ཕྱོགས་གཞན་ཞིག་ནས་བཙན་བྱོལ་ནང་གི་མི་མང་ཚོའི་བོད་ཡིག་གི་ཤེས་ཚད་སྐྱོ་པོ་ཡིན་དུས། གཞས་ཚིག་ཀྱང་ལས་སླ་པོ་ཞིག་མ་བྲིས་ཀ་མེད་ཡོང་གི་འདུག

དྲི་བ། ཁྱེད་རང་གི་བོད་ལ་འགྲོ་ཞེས་པའི་འོད་སྡེར་དེའི་ནང་གི་ལྟད་མོ་འཁྲབ་རོགས་དེ་བོད་པའི་བུ་མོ་ཞིག་མ་ཁྲིད་པར། འབྲུག་མོ་ཞིག་ཁྲིད་དགོས་དོན་གང་ཡིན་ནམ།
ལན། བོད་པའི་བུ་མོ་དེ་ཚོ་མཛེས་མ་མེད་པ་དང་བུ་མོའི་ཉམས་མེད་པ་དེ་འདྲ་རྩ་བ་ནས་མ་རེད། ཡིན་ན་ཡང་བོད་པའི་བུ་མོ་དེ་ཚོས་དེ་འདྲའི་ཐོག་ལ་འགན་ཁུར་ཐུབ་ཀྱི་མི་འདུག དེ་ནང་བཞིན་བོད་པའི་བུ་མོ་དེ་ཚོས་སོ་སོར་འདོད་པ་ཡོད་ན་ཡང་། གློག་བརྙན་འཁྲབ་སྟོན་སོགས་སྡིངས་ཆ་འདྲ་མིན་གྱི་ཐོག་ནས་སོ་སོའི་མཛེས་ཉམས་ངོམ་ཕྱོགས་དང་། ལང་ཚོ་བེད་སྤྱོད་གཏོང་རྒྱུར་གདེང་ཚོད་དང་སྤོབས་པས་འདང་མཁན་དཀོན་པོ་རེད་འདུག དེར་བརྟེན། བུ་མོ་དེ་འབྲུག་གི་ལྟད་མོ་འཁྲབ་མཁན་གསར་པ་ཞིག་ཡིན་དུས། འཁྲབ་སྟོན་སྐབས་ཀྱི་མི་སྣའི་ཉམས་འགྱུར་ཏག་ཏག་སྟོན་ཤེས་ཀྱི་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་ལོ་མང་པོའི་རིང་མོས་ང་ལ་རྒྱབ་སྐྱོར་བྱས་སོང་། དེ་བཞིན་མོ་རང་ངའི་གཞས་ལ་དགའ་མོས་བྱེད་མཁན་ཞིག་ཡིན་པས་ཆ་ནས་ངས་མོ་རང་ཁྲིད་པ་ཡིན། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།