བོད་མི་རྩིས་སྤྲོད་དང་འཇུ་བཟུང

21/12/2011 10:53

 

མཐའ་མཚམས་ནས་བོད་མི་རྩིས་སྤྲོད་དང་འཇུ་བཟུང་།

བོད་ཀྱི་བང་ཆེན།

གློག་འཕྲིན།པར་འདེབས།ཕི་ཌི་ཨེཧཕ།

བལ་ཡུལ་གྱི་མཐའ་སྲུང་ཉེན་རྟོག་པས་ཉེ་ཆར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་མཁན་བོད་མི་ཁག་ཅིག་ཕྱིར་རྒྱ་ནག་གི་འབྲེལ་ཡོད་ཚན་པར་རྩིས་སྤྲོད་བྱས་པ་དང་། དེ་བཞིན་ཟླ་འདིའི་ཚེས་༡༤ ཉིན་རྒྱ་ནག་གི་མཐའ་སྲུང་དམག་གིས་བོད་ཀྱི་མཐའ་མཚམས་ནས་བོད་མི་བཅུ་ཕྲག་བརྒལ་བ་འཛིན་བཟུང་བྱས་འདུག

བོད་ནས་བལ་བོད་ས་མཚམས་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ལྔ་ས་མཚམས་བརྒལ་ནས་ཟླ་འདིའི་ཕྱི་ཚེས་ ༧ ཉིན་བལ་ཡུལ་གྱི་གློ་སྨན་ཐང་ཞེས་བའི་ས་ཆར་འབྱོར་སྐབས། དེར་ཡོད་བལ་ཡུལ་མཐའ་མཚམས་གྱི་ཉེན་རྟོག་དམག་མིས་ཁོང་ཚོ་འཛིན་བཟུང་བྱས་ཡོད་པ་དང་། འདྲི་རྩད་བྱེད་སྐབས་བོད་མི་ཁོང་ཚོ་བལ་ཡུལ་རྒྱལ་ནང་དུ་ཡོང་ཆོག་པ་དང་། འགྲོ་བསྐྱོད་ཆོག་པར་ཁྲིམས་མཐུན་གྱི་ལག་ཁྱེར་གང་ཡང་མེད་ཚུལ་བརྗོད་དེ་ཕྱི་ཚེས་ ༨ ཉིན་བོད་ཀྱི་མཐའ་མཚམས་རྒྱ་ནག་གི་འབྲེལ་ཡོད་མཐའ་སྲུང་དམག་མིར་རྩིས་སྤྲོད་བྱས་ཡོད་པ་དང་། དོན་རྐྱེན་དེ་དངོས་སུ་མཐོང་མཁན་དང་། གནས་ཚུལ་ངོ་སྤྲོད་པས་བཤད་པ་ལྟར་ན། རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་བོད་མི་དེ་ཚོའི་ཁྲོད་སྐྱེས་པ་གསུམ་དང་། བུད་མེད་གཉིས་བཅས་དང་ལོ་ན་ ༣༠ ནས་༤༠ ཙམ་ཡིན་འདུག

ཡང་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་ས་ཁུལ་གང་ས་ནས་ཡིན་པའི་བོད་མི་༡༤ ཙམ་ཞིག་ཉེ་བའི་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། བོད་ཀྱི་མཐའ་མཚམས་སྤུ་ཧྲེང་ས་གནས་སུ་འབྱོར་བའི་སྐབས། ཉིན་དེའི་མཚན་དཀྱིལ་ལ་ས་གནས་རྒྱ་ནག་གི་མཐའ་སྲུང་དམག་གིས་བཀག་ནས་འདྲི་རྩད་བྱས་ཡོད་པ་དང་། བོད་མི་ཁོང་ཚོ་བོད་ཀྱི་ས་ཁུལ་འདྲ་མིན་ནས་ཡིན་པའི་གཞོན་སྐྱེས་ཤ་སྟག་ཡིན་པར་བརྟེན་མཐའ་སྲུང་དམག་གིས་གཅར་རྡུང་དང་འདྲི་རྩད་རིམ་པ་བྱས་པ་བརྒྱུད། ཁོང་ཚོ་བྲོས་བྱོལ་སྐྱབས་བཅོལ་ལ་འགྲོ་མཁན་ཡིན་པའི་ཉེས་འཛུགས་འོག་འཛིན་བཟུང་ཡོད་འདུག ཁོང་ཚོའི་ཁྲོད་བུ་མོ་གསུམ་དང་བུ་ ༡༡ བཅས་བསྡོམས་པས་མི་གྲངས་ ༡༤ ཡོད་འདུག 
སྤྱིར་བཏང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་ནས་སྡོད་མ་ཐུབ་པར། ལོ་ལྟར་བལ་བོད་ས་མཚམས་འདྲ་མིན་བརྒྱུད་བོད་མི་ཕོ་མོ་མི་གྲངས་གསུམ་སྟོང་གཡས་གཡོན་ཙམ་རེ་དཀའ་ངལ་འདྲ་མིན་ལ་གདོང་ལེན་བྱས་ནས་བྲོས་བྱོལ་དུ་འབྱོར་བཞིན་པ་དང་། ༢༠༠༨ ལོའི་རྗེས་ནས་རྒྱ་ནག་གིས་བོད་ནང་དང་ལྷག་དོན་མཐའ་མཚམས་ཁུལ་ལ་ཤུགས་ཆེའི་དམ་དྲག་གི་རྐྱེན་པས། བོད་མི་བྲོས་བྱོལ་བའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་ཉུང་ལ་སོང་ཡོད་པ་རེད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།