བོད་གདོད་མའི་མཇུག་བསྡོམས།
02/08/2009 01:34
བདུན་པ། བོད་གདོད་མའི་དུས་རིམ་སོགས་ཀྱི་མཇུག་བསྡོམས།
གོང་བརྗོད་ལྟར། བོད་བཙན་པོའི་དུས་རབས་གོང་གི་བྱུང་རིམ་ལ། ལ་ལས་དུས་རིམ་གོང་མ་དང༌། བར་མ། འོག་མ་
བཅས་ཕྱེས་པ་དང༌། རེ་འགས་རྡོའི་དུས་རབས་དང༌། ཟངས་ཀྱི་དུས་རབས། ལྕགས་ཀྱི་དུས་རབས་སོགས་རགས་བསྡུས་
ཀྱི་དབྱེ་བ་མང་དག་ཅིག་ཕྱེས། དོན་དམ་ལ་བསམ་ན། འཇིག་རྟེན་འདི་གྲུབ་ནས་ལོ་གྲངས་དུང་ཕྱུར་དུ་མས་རླབས་
ཕྲེང་བརྒལ་ཟིན་པས། བོད་བཙན་པོའི་དུས་རབས་གོང་གི་ལོ་རྒྱུས་དེ་དག་ལེའུ་དང་ས་བཅད་ཞིབ་ཅིང་ཕྲ་བའི་ངང་
ནས་རྒྱས་བཤད་མུ་མཐའ་བྲལ་བ་ཞིག་བྱེད་དགོས་ངེས་ལོས་ཡིན།
འོན་ཀྱང༌། དེང་སྐབས་ཡ་ཐོག་གི་ལོ་རྒྱུས་ཚན་རིག་པའི་རྒྱང་ཤེལ་ལས་འཁྲུངས་པའི་མདང་སུམ་རྨི་ལམ་གྱི་འཆར་
སྣང་དང་འདྲ་བའི་གནས་ལུགས་རགས་རིམ་དེ་ཙམ་ལ་བློས་འགེལ་མི་བྱེད་མཐུ་མེད་ཙམ་ལས། རྒྱུ་མ་ཕུ་འདེད་ཀྱི་
དཔེ་ལྟར་ཡིད་གཉིས་འཇོམ་པའི་དངོས་བདེན་ལག་ཐོག་ཡིད་བརྟན་འཕེར་བའི་ལོ་རྒྱུས་རྒྱུ་ཆ་བར་མ་ཆད་པའི་ཆུ་
བོའི་རྒྱུན་ལྟར་ཞིབ་ཅིང་ཕྲ་བ་ཞིག་འཇིག་རྟེན་འདི་ན་ཧ་ཅང་གིས་དཀོན་སོང༌། དེའི་ཕྱིར་བསྐལ་པ་ཡ་ཐོག་གི་
མཛད་མཐའ་བྲལ་བའི་བྱུང་རིམ་འཇིག་རྟེན་སྲིད་པའི་རྒད་མོའི་མངལ་དུ་ཆེས་ཆེར་སྦྲུམ་ནའང་དེང་ཚེའི་མི་གསར་
བུ་སུས་ཀྱང་ཚོད་དཔག་གིས་རྒྱས་བཤད་བྱ་ཐབས་བྲལ་འདུག དེས་ན་ཁོ་བོས་ཀྱང་བཙན་པོའི་གོང་གི་བྱུང་རིམ་གྱི་
རྒྱུ་ཆ་རགས་གསལ་ཁག་གང་ནུས་ཕྱོགས་བསྡུས་ཙམ་བྱས་ཏེ་འཇིག་རྟེན་གྲུབ་པ་ནས་བོད་བཙན་པོའི་བྱུང་རིམ་མ་
ཚུགས་བར་གྱི་གནས་ལུགས་ཕྱོགས་བསྡུས་གོང་དུ་༵༵བོད་ཀྱི་ལོ་རྒྱུས་ཤེས་པའི་སྔོན་འགྲོ་ཀཀཞེས་པ་དང་༵༵བོད་གདོད་མིའི་
དུས་རིམ་ཀཀཞེས་པའི་ནང་དུ་བསྡུས་བཤད་བྱས། འོན་ཀྱང༌། ཚན་རིག་པའི་རྒྱང་ཤེལ་གྱིས་འཐེན་པའི་མ་ཡུམ་སྲིད་པ་
རྒད་མོའི་ལོ་རྒྱུས་རགས་རིམ་དེ་དག་ལ་བལྟས་ན་འཇིག་རྟེན་འདི་ནི་ལོ་གྲངས་དུང་ཕྱུར་མང་པོའི་སྔོན་ནས་གྲུབ་ཟིན་
པའི་གནས་ལུགས་གསལ་ཅིང༌། རང་ཅག་བོད་ཀྱི་ཡུལ་ལྗོངས་ཀྱང་གང་ལྟར་འཇིག་རྟེན་ཧྲིལ་པོ་འདི་ལ་མ་དང་ཕྲུ་གུའི་
ལྟེ་བ་བཞིན་ལྷན་གྲུབ་ཏུ་འདོད་དགོས་པ་སྨོས་མེད་ཐོག འགྲོ་བ་མིའི་རིགས་ཀྱི་བྱུང་རིམ་ལའང་འདི་ནས་ཡས་འདེད་
ལོ་གྲངས་ས་ཡ་ ༡༨༠ ཡི་རྗེས་ཙམ་ནས་བྱུང་ལུགས་བཤད་ཡོད་ན། གདོང་དམར་བོད་མིའི་རྒྱུན་ཐག་གི་སྲད་བུའང་འགྲོ་
བ་མིའི་རིགས་སྤྱི་དང་སྟབས་ཅིག་ཏུ་གྲོལ་བ་ནི་ཕར་བལྟས་ཚུར་ཤར་གྱི་དཔེ་ལྟར་དཔྱད་པ་ཙམ་གྱིས་ཤེས་ཐུབ། རྒྱབ་
ལྗོངས་དེ་དག་སྦྲེལ་ཅིང་བོད་ཀྱི་གནའ་ཤུལ་དང་འཛམ་གླིང་ལོ་རྒྱུས་བཅས་ལ་བལྟས་ན། བོད་འདི་འཇིག་རྟེན་ཆགས་པ་
ནས་ལྷན་དུ་གྲུབ་ཅིང༌། བོད་ཀྱི་མི་རིགས་ནི་མི་རིགས་གཞན་དང་མཉམ་དུ་མགོ་སྦྲེལ་གྱིས་རང་རྐྱ་བ་ཞིག་བྱུང་བ་ལས།
རྒྱ་གར་དེ་ཡང༌། རང་ཅག་བོད་མི་རིགས་འདི་རྒྱ་དཀར་ནག་སོགས་གང་ནས་མཆེད་པ་ཞིག་ཡིན་ན་སྐྱོན་དུ་མ་མཐོང་
ཡང༌། ལ་ལས། རྒྱ་གར་སྐྱ་སེང་བུ་ལྔ་འཐབ་པའི་ཚེ། རཱུ་པ་ཏི་དཔུང་ཚོགས་ཕམ་སྟེ་བུད་མེད་ཀྱི་ཆ་ལུགས་སུ་རི་བོ་གངས་
ཅན་གྱི་ཕྱོགས་སུ་ཞུགས་པ་ལས་བོད་ཀྱི་མི་རིགས་འདི་བྱུང་ཟེར།
དེ་ནི་ནང་པའི་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་བས་བོད་རྒྱ་གར་བའི་མི་རྒྱུད་ཡིན་པའི་བསྒྲུབ་འདོད་ཀྱི་འཆལ་གཏམ་
ཙམ་ལས་རྟོག་གེ་བའི་བསམ་བློ་ཞིག་ཏུ་མ་ཡིན་ཏེ། རི་བོ་གངས་ཅན་དུ་ཞུགས་པའི་དམག་དཔུང་དེ་དག་ཕོ་ཤ་སྟག་
ཡིན་པ་ལྟ་བུར་བཤད་པས། ༡བོད་དུ་ཕོ་ཁོ་ནས་མི་རིགས་འཕེལ་བའི་ཐལ་བ་དང༌། ༢སྐབས་དེར་རྒྱ་གར་ནང་རིགས་
གཞུང་དར་ཁྱབ་ཟིན་པས་ད་ལྟའི་བོད་ཀྱི་རིག་གཞུང་དང་གཅིག་གྱུར་ཡིན་དགོས་པའི་ཐལ་བ། ༣རྒྱ་གར་དང་བོད་
ཀྱི་སྐད་གདངས་འདྲ་དགོས་པའི་ཐལ་བ།
༤རྒྱ་གར་གྱི་མི་རིགས་དང་བོད་ཀྱི་མི་རིགས་གཉིས་པོ་འདྲ་བའི་ཐལ་བ་སོགས་ཕྱོགས་གང་ནས་ཀྱང་མི་འདྲ་བ་དེ་
དག་ཚང་མ་འདྲ་དགོས་པའི་སྐྱོན་ཐོག་སྐྱོན་བརྩེགས་དུ་མས་ཚོགས་པས། ཕྱོགས་ཞེན་བླུན་རྨོངས་ཀྱི་གང་ཟག་འགའ་
རེས་དངོས་དོན་བདེན་འཚོལ་གྱི་དཔྱད་ཞིབ་ལ་མ་སོང་བའི་རང་རྟགས་ཟང་མར་བསྟན་ཡོད། དེས་ན། སུ་ཞིག་རྒྱུ་
མཚན་ཉི་ཚེ་བའི་རྗེས་སུ་འབྲང་ན་བློ་རྒྱ་འཕེལ་བའི་རྒྱུ་རུ་ལྟ་ཅི། ལིང་ཏོག་གིས་བསྒྲིབས་པའི་སྐྱེ་བོའི་རྗེས་སུ་ཞུགས་ན་
ལོག་ལམ་གཡང་ས་ཆེན་པོར་འཁྲིད་པ་དང་ཁྱད་པར་གཞན་མེད་པས།
གཟུར་གནས་བག་དང་ལྡན་པ་རྣམས་ཀྱིས་དོག་ཟོན་ལ་འབད་པར་འཚལ།དང་རྒྱ་ནག་ལ་ལས། རྒྱ་ནག་ཕེན་མྱི་བོད་
དུ་སོང་བས་བོད་ཀྱི་མི་རིགས་བྱུང་ཟེར། དེ་ནི་སྤྲེའུས་མེ་ལོང་བརྐུས་པའི་གཏམ་རྒྱུད་དང་འདྲ་བ་ཙམ་ལས་ལོ་རྒྱུས་
ཤེས་པའི་མངོན་རྟགས་ཟུར་ཙམ་ཡང་མེད་དེ། རྒྱ་ནག་ཕེན་མྱི་ཕྱི་ལོ་ ༤༡༤ ལོར་བོད་དུ་སོང་ཞིང༌། བོད་ཀྱི་མི་རིགས་
ནི་དེའི་སྔོན་གྱི་ལོ་གྲངས་དུ་མའི་སྔོན་ནས་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན་པའི་གནས་ལུགས་ལོ་རྒྱུས་དང་གནའ་
ཤུལ་སོགས་ལས་གསལ་ལ། ཡུལ་ཕྱོགས་གང་ཞིག་ནས་གསར་དུ་སྤོས་འོངས་ཏེ་དེའི་རྒྱུད་པ་ལས་བོད་མི་བྱུང་བ་ནི་རྩ་
བ་ནས་མ་ཡིན་ནོ་ཞེས་དང༌། རྒྱ་ནག་ཕེན་མྱི་ལས་བོད་ཀྱི་མི་རིགས་མ་བྱུང་བའི་དགག་པ་སོགས་ཆབ་སྤེལ་གསུང་རྩོམ་
ནང་དུའང་གསལ་བ་ལྟར་ཧ་ཅང་གིས་འཐད།སོགས་ལས་མཆེད་པའི་མི་རིགས་ཤིག་མིན་པ་ཤེས་ཐུབ།
བོད་ཀྱི་རྒྱལ་ཕྲན་སིལ་མ་བཞི་བཅུའི་དུས་རིམ་ནང་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ནས་རྒྱལ་རབས་
སོ་གསུམ་པ་སྲོང་བཙན་བར་རྒྱལ་ཕྲན་སིལ་མ་དག་མེ་ལོང་གི་ཧ་རླངས་བསྡུས་པ་ལྟར་རིམ་གྱིས་བཅོམ་སྟེ་རྒྱལ་ཕྲན་དེ་
དག་ཡལ་སོང་བ་ལས། གཉའ་ཁྲི་བྱོན་པ་དང་རྒྱལ་ཕྲན་ཡོངས་རྫོགས་ཚར་བཅད་དེ་གཉའ་ཁྲི་བོད་སྤྱི་དབང་གི་རྒྱལ་པོ་
གྱུར་སོང་བ་ཞིག་མིན། དཔེར་ན། གནམ་རི་སྲོང་བཙན་གྱི་སྐབས་སུ་རྒྱལ་ཕྲན་ཁྲི་པངས་གསུམ་དང༌། ཟིང་པོ་རྗེ་སྟག་སྐྱ་
བོ་གཉིས་བཏུལ་ཅིང༌། སྲོང་བཙན་གྱིས་ཞང་ཞུང་དང་མི་ཉག་གི་རྒྱལ་ཕྲན་གཉིས་བཏུལ་བའི་ལོ་རྒྱུས་ཁག་ལ་བལྟས་ན་
རྒྱལ་ཕྲན་མང་པོ་ཞིག་བོད་ཀྱི་རྒྱལ་རབས་དུ་མའི་རྗེས་སུ་ལྷག་སྡོད་ཡོད་པ་མངོན་སུམ་ཡིན།
༈ད་ལྟའི་བོད་ཀྱི་རྒྱལ་རབས་གཏན་འབེབས་འདི་ནི་སྲོང་བཙན་གྱིས་བོད་ཀྱི་ས་ཁོངས་རིགས་རུས་དང་བཅས་པ་གཅིག་
གྱུར་བཟོས་ཟིན་རྗེས་གཞི་ནས་སྲོང་བཙན་གྱི་མི་ཁུངས་རྩད་གཅོད་ཀྱིས་གཉའ་ཁྲིའི་བར་རྒྱལ་རབས་གུང་བསྒྲིགས་བྱས་
པར་བསམས། གལ་ཏེ་སྐབས་དེར་ཞང་ཞུང་དང་མི་ཉག་རྒྱལ་ཕྲན་གང་རུང་གིས་སྲོང་བཙན་བཏུལ་ཡོད་ན། ད་ལྟ་བོད་
འདི་ཞང་ཞུང་དང་མི་ཉག་རྒྱལ་ཁབ་སོགས་གྱུར་མེད་མི་སྲིད་ལ། ཞང་ཞུང་སོགས་རྒྱལ་རབས་གཞན་ཞིག་གི་ཐོག་མའི་
རྒྱལ་པོ་ཇི་ལྟར་བྱུང་མིན་དང༌། བར་དུ་རྒྱལ་རབས་དར་རྒུད་ཇི་ཙམ་བྱུང་ཡོད་མེད་སོགས་ཀྱི་ལོ་རྒྱུས་ཆགས་མི་སྲིད་
པའང་མིན་ཏེ། སྲོང་བཙན་གོང་དུ་བོད་ཀྱི་རྒྱལ་རབས་དག་ཀྱང་རྒྱལ་ཕྲན་སིལ་མ་གཞན་དག་དང་གཅིག་མཚུངས་སུ་
བྱུང་ཡོད་པ་ལྟ་བུ་ཞིག་རེད།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།
———
Back