བདེན་ཚིག་སྨོན་ལམ།

2009-03-02 12:45

༄༅། །བདེན་ཚིག་སྨོན་ལམ་བཞུགས་སོ།

 

ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང༌།

 །ཉམ་ཆུང་འགྲོ་ལ་བུ་གཅིག་ལྟར་དགོངས་པའི།

 དུས་གསུམ་བདེ་གཤེགས་སྲས་དང་སློབ་མར་བཅས།

།བདག་གི་བདེན་པའི་སྨྲེ་སྔགས་འདི་དགོངས་ཤིག

 །སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན།

།འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱས།

།དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས།

།ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད།

།མི་བཟད་ལས་ངན་དྲག་པོས་ཡོངས་ནོན་པས།

 །བར་མེད་དུ་ཁས་མནར་བའི་ཉམ་ཐག་འགྲོ།

།བཟོད་དཀའི་ནད་མཚོན་མུ་གེའི་འཇིགས་པ་ཀུན།

།ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱངས་མཛོད།

།ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས།

།ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།

།ངན་དགུས་འཇོམས་པའི་ཁྲག་དང་འཆི་མའི་རྒྱུན།

།མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད།

།ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས།

།རང་གཞན་གཉིས་ཕུང་བགྱིས་པའི་སྙིང་རྗེའི་ཡུལ།

།མི་བསྲུན་སྐྱེ་བོ་ཚོགས་རྣམས་བླང་དོར་མིག

།ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར།

།རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།

།ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།

།ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།

།སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།

།བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།

།གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།

 །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།

།གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།

།མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།

།སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌།

།ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།

།འབྲས་བཟང་དེང་དིར་མྱུར་དུ་འཆར་བར་གསོལ།

།སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང༌།

།མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས།

།ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི།

།བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག ། །།

 

 

    ཅེས་པ་འདི་ནི་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་མིག་གཅིག་འཛམ་གླིང་

   ཞི་བདེའི་དེད་དཔོན་ཆེན་པོྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་

བཅུ་བཞི་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་མཛད་པ་རྫོགས་སོ།

                       འདི་ནི་བོད་རང་བཙན་གྱི་བདེན་དཔང་ཡིན།

 

 

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

How to build a free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།