ནང་ཆོས་བོད་དོན་ཡིན།
ནང་ཆོས་བསྒྲུབ་ན་བོད་དོན་ཡིན།
ཁྱེད་ཅག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡུན་རིང་གནས་ཆེད་སྨོན་ལམ་རྒྱག་གིན་ཡོད་ན། དེ་ནི་བོད་དོན་
ཆགས་ཀྱིན་ཡོད། བོད་ཀྱི་རང་སྲིད་རང་སྐྱོང་དེ་ནང་ཆོས་དང་འབྲེལ་ནས་ཡོད་སྟབས། བོད་ལ་རང་སྲིད་རང་སྐྱོང་མ་
ཐོབ་པ་ཡིན་ན། ནང་ཆོས་དེའང་གནས་ཁག་པོ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

སྤྱི་ནོར་ ༧གོང་ས་མཆོག་གིས་ཐེངས་འདིར་ཕྱི་ཚེས་ ༡༥ ཉིན་ནས་མགོ་འཛུགས་ཀྱིས་ཐའེ་ཝན་གཙོས་པའི་རྒྱ་ནག་
སྐམ་ས་ཆེན་མོ་བཅས་ཀྱི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་སེར་
སྐྱ་མི་མང་བཅས་ལ་རྡོ་རྗེ་གཅོད་པ་དང་། བློ་སྦྱོང་དོན་བདུན་མ། རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་
བཅས་ཀྱི་གསུང་ཆོས་དང་། ཕྱི་ཚེས་ ༡༨ ཉིན་སྤྱན་རས་གཟིགས་ཀྱི་དབང་བཅས་གྲུབ་རྗེས་རྒྱ་རིགས་ཆོས་ཞུ་པ་ཚོར་
དམིགས་བསལ་མཇལ་ཁ་ཞིག་གནང་ཡོད། སྐབས་དེར་ཁོང་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང།
ཆབ་སྲིད་བཅས་ཀྱི་ཐད་བཀའ་སློབ་གནང་ཡོད་ལ། སྤྱིར་ཆབ་སྲིད་དང་བོད་ཀྱི་གནད་དོན་གཉིས་མཉམ་བསྲེས་བྱ་
མ་རུང་ཞིང་། ཆབ་སྲིད་ལ་སྲིད་དོན་ཚོགས་པའི་འགྲོ་ལུགས་ཤིག་ཡོད་པས་དེར་ཆོས་ལུགས་པས་ཐེ་བྱུས་བྱས་ན་
འགྲིག་གི་མ་རེད། འོན་ཀྱང་། བོད་ཀྱི་གནད་དོན་ནི་ནང་ཆོས་དང་འབྲེལ་བསྡད་ཡོད་སྐོར་བཅས་གསུངས་ཡོད།
ཁོང་གིས་མུ་མཐུད་དུ་གསུངས་དོན། ལོ་བཅོ་ལྔ་ནས་ཉི་ཤུའི་གོང་ཞིག་ལ་ང་རང་ཧྥ་རན་སིའི་ནང་ཆོས་ལ་དད་པ་
བྱེད་མཁན་འགར་ཐུག་རྒྱུ་བྱུང་། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་པ་དང་ཉམས་ལེན་བྱ་འདོད་
ཡོད་མོད། ཆབ་སྲིད་ལ་དོ་སྣང་མེད་ཟེར། ངས་ཁོང་ཚོར་ལྡོག་ཕྱོགས་ནས་དྲི་བ་བཏང་བ་ཡིན། ཁྱོད་ཚོས་དང་པོ་ནས་
སྨོན་ལམ་འདི་ལྟར་བརྒྱབས་ན་གང་འདྲ་ཡོང་། ད་ལྟ་བོད་ཀྱི་ནང་བསྟན་ཉམས་བཞིན་ཡོད། ཁྱེད་ཅག་གིས་བོད་
བརྒྱུད་ནང་བསྟན་ཆོས་ལུགས་ཡུན་རིང་གནས་ཆེད་སྨོན་ལམ་རྒྱག་གིན་ཡོད་ན། དེ་ནི་བོད་དོན་ཆགས་ཀྱིན་ཡོད། བོད་
ཀྱི་རང་སྲིད་རང་སྐྱོང་དེ་ནང་ཆོས་དང་འབྲེལ་ནས་ཡོད་སྟབས། བོད་ལ་རང་སྲིད་རང་སྐྱོང་མ་ཐོབ་པ་ཡིན་ན། ནང་
ཆོས་དེའང་གནས་ཁག་པོ་རེད་ཅེས་ལབ་པ་ཡིན། ཞེས་ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་ཚོར་དམིགས་ཏེ་
གསུངས་ཡོད།
———
Back

