དོན་གྲུབ་ལྷ་དར་ལགས་སུ་བཅར་འདྲི།

01/04/2012 14:04

 

གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་སུ་བཅར་འདྲི།

བོད་ཀྱི་བང་ཆེན།།

དྲི་བ། བོད་ནང་ནས་རྒྱ་རྒོལ་གྱི་ལས་འགུལ་འཚམས་ཆད་མྱོང་མི་འདུག་ལ། དེ་བཞིན་ངོ་རྒོལ་གྱི་ལས་འགུལ་རྣམ་པ་གསར་པ་མང་པོ་ཡོང་གི་འདུག ད་ལྟའི་ཆར་རང་ལུས་མེར་བསྲེག་གཏོང་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པས། ལས་འགུལ་དེར་ལྟ་སྟངས་དང་ངོས་འཛིན་ག་འདྲ་བྱེད་ཀྱི་ཡོད།

ལན།  སྤྱིར་བཏང་༢༠༠༨ ནས་འགོ་བརྩམས་ཏེ་མི་རབས་གསར་པའི་གཞོན་སྐྱེས་ཚོས།  འཐབ་རྩོད་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་ལེན་ཕྱོགས་དེ་གྲངས་ཀྱི་ཆ་ནས་ཡིན་ན་ཡང་སྔར་ལས་མང་བ་དང། ལྷག་པར་དུ་བློས་གཏོང་གི་རིམ་པ་དེ་ཚད་མཐོན་པོ་ཞེ་དྲག་ཅིག་ལ་ང་ཚོའི་ངོས་འཛིན་ཞུ་བཞིན་ཡོད་། རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས།  བོད་ནང་ད་ལྟའི་བར་དུ་རྒྱལ་གཅེས་བོ་དཔའ་མོ་༢༠ ལྷག་གིས་རང་ལུས་མེར་བསྲེག་བཏང་བ་དེ། ང་ཚོའི་ངོས་ནས་གཞིས་ལུས་རྒྱ་ཆེ་མི་མང་དང་ལྷག་པར་དུ་མི་རབས་གསར་པ་ཚོར་ང་ཚོའི་འཐབ་རྩོད་ལ་རེ་བ་ཆེ་རུ་ཕྱིན་པ་དང་། ཆོད་སེམས་དང་སྙིང་སྟོབས་ཆེ་རུ་ཕྱིན་པའི་མདུན་སྐྱོད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད།

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ནས་བོད་ནང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་བོད་དོན་འཐབ་རྩོད་ལ་འཐུས་ཤོར་ཕྱིན་པ་མཐོང་གི་ཡོད་དམ།
ལན།  བཙན་བྱོལ་སྤྱི་ཚོགས་ཀྱི་ནང་༢༠༠༨ ལོ་ནས་རེད། ལྷག་པར་དུ་དེང་སང་མེར་བསྲེག་གི་ལས་འགུལ་དེའི་ནང་དུ་སོ་སོའི་ངོས་ནས་ག་རེ་མཐོང་གི་འདུག་ཟེར་ན། ང་ཚོས་ངེས་པར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་འཐབ་རྩོད་དེ་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པ་མཐོང་གི་འདུག བསྐྱར་ཞིབ་དེ་ཡང་ང་ཚོའི་འཐབ་རྩོད་དེ་གཞིས་ལུས་མི་མང་གི་བློས་གཏོང་གི་ཁ་ཕྱོགས་དེ་དང་མཐུན་གྱི་ཡོད་པ་རེད་དམ་མ་རེད། ཁོ་རང་ཚོའི་བློས་གཏོང་གི་སྐབས་ཀྱི་འབོད་སྒྲ་དེ་ཚོ། ང་ཚོས་རྒྱལ་སྤྱིའི་སྒང་ལ་གསལ་པོ་བཟོ་ཐུབ་ཀྱི་ཡོད་རེད་དམ་མ་རེད། དེ་བཞིན་འབོད་སྒྲ་དེ་དག་དང་ཐག་ཉེ་རུ་གཏོང་བ་ལ། ང་ཚོའི་ཕྱོགས་ནས་མ་འདང་བའི་ཞན་ཆ་དེ་ཚོ་ངེས་པར་དུ་ང་ཚོའི་ངོས་འཛིན་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད། དེ་ལས་ཀྱང་གནད་འགག་ཆེ་ཤོས་དེ་ང་ཚོས་བོད་ཕྱི་ནང་གཉིས་ཀའི་འཐབ་རྩོད་ལ་བསྐྱར་ཞིབ་ཅིག་ངེས་པར་དུ་དགོས་ཀྱི་འདུག བཙན་བྱོལ་ནང་དུ་འཐབ་རྩོད་ཀྱི་དམིགས་ཚད་དང་ཐབས་ལམ་མང་པོ་ཞིག་དུམ་བུར་འགྲོ་ཡི་ཡོད་པ་རེད། ང་ཚོའི་ངོས་ནས་དེ་ཚོ་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་མ་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མང་གཙོའི་ལྟ་གྲུབ་དང་དེ་འདྲའི་ཆ་ནས་དགོས་མཁོ་ཡོད་ཀྱི་རེད། ཡིན་ན་ཡང་འཐབ་རྩོད་ཀྱི་དགོས་མཁོའི་ཆ་ནས་རེད། ལྷག་པར་དུ་དམིགས་ཡུལ་དུམ་བུར་འགྲོ་བ་དེ་མི་དགོས་པའི་གནས་སྟངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་གལ་ཆེ་ཤོས་དེ་འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་གྱུར་ཡོང་བའི་ཐོག་ལ་གོམ་པ་རྒྱག་དགོས་པ་དང་། དེ་ལ་བསྐྱར་ཞིབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་འདྲ་མེད་པ་ཡིན་ན་ང་ཚོས་ལས་ཀ་གང་ཞིག་བྱས་པ་ཡིན་ན་ཡང་།  རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་ཕར་ཞོག བོད་པ་ནང་ཁུལ་ལ་ཡང་རྡོག་སྒྲིལ་མི་ཐུབ་པའི་དཀའ་ངལ་དང་། ལྷག་བསམ་རྣམ་དག་གི་ལས་ཀ་བྱེད་མཁན་དེ་ཚོ་ལ་ཡང་བསམ་ཚུལ་དང་། བློ་ཁ་རིང་ཐུང་ཡོང་གི་ཡོད་པ་དེ་ཚོ་ཆ་ཚང་ང་ཚོའི་འཐབ་རྩོད་ཀྱི་འཐུས་ཤོར་དང་ཞན་ཆ་ཞིག་རེད་བསམ་གྱི་ཡོད། ཞན་ཆ་དེ་ཚོ་སེལ་བའི་ཐབས་ལམ་ཡག་ཤོས་དེ་གཞུང་མང་ཚང་མས། འཐབ་རྩོད་ཀྱི་དམིགས་ཚད་དེའི་ཐོག་ལ་བསྐྱར་ཞིབ་ཅིག་ངེས་པར་དུ་དགོས་ཀྱི་རེད་བསམ་གྱི་ཡོད།

དྲི་བ། བོད་ནང་གི་ལས་འགུལ་སྤེལ་ཕྱོགས་ལ་མ་འདང་བའི་ཆ་དང་། ཞན་ཆ་ཡོད་པ་མཐོང་གི་ཡོད་དམ།
ལན། བོད་ནང་གི་ལས་འགུལ་སྤེལ་ཕྱོགས་ལ་ང་ཚོའི་ངོས་ནས་བསམ་འཆར་འདོན་རྒྱུའི་སྤོབས་པ་མེད།  གང་ཡིན་ཟེར་ན།  གཞིས་ལུས་རྒྱ་ཆེ་མི་མང་གི་འཐབ་རྩོད་ཀྱི་གནས་སྟངས་རེད།  ལྷག་པར་དུ་དགྲ་བོའི་སྲིད་ཇུས་དང་གདུག་རྩུབ་དེ་ཚོ་ང་ཚོ་ལས་ལྷག་ཅིག་ཁོ་རང་ཚོས་ཤེས་ཀྱི་ཡོད་པས།  ཁོང་ཚོའི་བྱེད་སྟངས་འདི་འགྲིག་སོང་། འདི་འགྲིག་མ་སོང་ཟེར་བའི་སྤོབས་པ་ང་ཚོ་ལ་ཡོད་མ་རེད། ཡིན་ན་ཡང་༢༠༠༨ ནས་ད་ལྟའི་བར་དུ་བརྩིས་པ་ཡིན་ན། བོད་ནང་གི་འཐབ་རྩོད་ཀྱི་རིམ་པ་དེ་ཚད་མཐོ་རུ་འགྲོ་ཡི་ཡོད་པ་དེ་གསལ་པོ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། ༢༠༠༨ ཀྱི་ནང་དུ་མི་མང་པོ་ཞིག་གི་སྐུ་སྲོག་ཤོར་བ་རེད།  ཡིན་ན་ཡང་ཕྱི་ལོག་ཏུ་ས་ཁུལ་ཁག་ཁ་ཤས་ཤིག་གི་པར་མ་གཏོགས་འབྱོར་ཐུབ་ཡོད་མ་རེད། དེའི་རྗེས་སུ་༢༠༡༡ དང་༢༠༡༢ ལོའི་ནང་བོད་ནང་གི་ལས་འགུལ་གྱི་བརྙན་པར་དང་གནས་ཚུལ་མང་པོ་ཞིག་དུས་ཚོད་ཐུང་ཐུང་གི་ནང་དུ། ཚད་མཐོན་པོའི་ཐོག་ནས་འདིར་འབྱོར་ཐུབ་པ་དེ་ཚོ་ང་ཚོས་ངོས་ནས་གཞིས་ལུས་མི་མང་གི་འཐབ་རྩོད་ཀྱི་སྙིང་སྟོབས་ཚད་མཐོ་རུ་ཕྱིན་ཡོད་པ་མ་ཟད། འཐབ་རྩོད་ཀྱི་གནས་ཚད་དེ་ཡང་ཚད་མཐོ་རུ་འགྲོ་ཡི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། མ་འོངས་པར་གཞོན་ལྷན་གྱི་ངོས་ནས་ལས་འགུལ་གྱི་འཆར་གཞི་གང་ཡོད་མདོར་བསྡུས་ཤིག་གསུངས་རོགས།
tyc_20_februaryལན། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་འདས་པའི་༢༠༡༡ ལོའི་ནང་དུ་རྒྱལ་གཅེས་པ་མང་པོ་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་རླབས་ཆེན་གྱི་སྙིང་སྟོབས་དེ་ལ་མྱ་ངན་གུས་འདུད་མཚོན་ཆེད། ལོ་སར་མི་གཏོང་བའི་མཛད་རིམ་ཞིག་བང་བསྒྲིགས་ནས་ལས་འཆར་ཁག་ཅིག་ཡོད།  དེ་ཡང་ས་གནས་གཞོན་ནུ་ལྷན་ཚོགས་ལ་ང་ཚོས་བཀོད་ཁྱབ་བཏང་ཚར་བ་ལྟར། ཚེས་༢༩ ཉིན་གྱི་དགོང་མོར་གཞི་རྒྱ་ཆེ་བའི་མར་མེའི་ཁྲོམ་སྐོར་དང་། དེའི་ཐོག་ཏུ་དགྲ་བོ་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་སྐར་མ་ལྔའི་དར་ཆ་མེར་བསྲེག་དང། དེ་ནས་བོད་ནང་དུ་ཉེ་ཆར་ཛ་དྲག་དངོས་བྱུང་གི་བརྙན་པར་ཁག་ཅིག་གཟིགས་འབུལ་བྱས་པ་ཡིན། ལོ་སར་ཚེས་༡ ཉིན་མོར་གཟའ་ལྷག་པ་ཡིན་པས། ལྷག་དཀར་གྱི་ལས་འགུལ་སྲུང་བརྩི་དང་མཉམ་དུ། ལོ་སར་ཚེས་གཅིག་གི་ཞོགས་པར་བོད་མི་ཚང་མས་སོ་སོའི་ནང་དུ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མཆོད་མེ་གང་མང་སྦར་བ་དང་། ཉིན་དེར་རེས་གཟའ་ལྷག་པ་ཡིན་པས་བོད་མི་ཚང་མས་གཟབ་སྤྲོས་དང། རྒྱས་སྤྲོས་མེད་པའི་ཐོག་ནས་བོད་ཆས་དཀྱུས་མ་གྱོན་རྒྱུ། བོད་ཟས་དཀྱུས་མ་ཟ་རྒྱུ། དགོང་མོ་ཆུ་ཚོད་༩ པའི་ཐོག་བོད་མི་ཚང་མས་སོ་སོའི་ནང་དུ།  མྱ་ངན་གུས་འདུད་ཀྱི་ཆེད་སྐར་མ་གཅིག་གི་རིང་གློག་གསོད་རྒྱུ་དེ་དག་ལོ་སར་ཚེས་༡ དང་།  གཟའ་ལྷག་པའི་ཉིན་གྱི་ང་ཚོའི་འབོད་སྐུལ་ལས་འགུལ་ཡིན།  ལོ་སར་ཚེས་པ་༢ ཉིན་ང་ཚོས་སྔོན་དུ་གསལ་བསྒྲགས་སོང་བ་བཞིན། མ་འོངས་བོད་རྒྱལ་ཁབ་འཛུགས་བསྐྲུན་ཆེད་མ་དངུལ་གྱི་ཐེབས་རྩ་བསྡུ་བ་དང་། ཚེས་པ་༣ ལ་གཞི་རྒྱ་ཆེ་བའི་མཆོད་འབུལ་ཞིག་ཡོད་པ་དེ་དག་ང་ཚོའི་ལོ་སར་སྐབས་ཀྱི་ལས་འགུལ་ཆགས་བསྡད་ཡོད། དེ་ནས་སླེབས་ལ་ཉེ་བའི་གསུམ་བཅུའི་དུས་དྲན་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཆེད།  ང་ཚོས་གཞི་རྒྱ་ཆེ་ལ་ལས་རྒྱུན་རིང་པའི་ལས་འགུལ་ཞིག་སྤེལ་རྒྱུ་ཐག་བཅད་ནས་བང་བསྒྲིགས་ཟིན་པ་དང་།  ལས་འགུལ་གྱི་འཆར་གཞི་ཡང་ཆ་ཚང་གྲུབ་ནས་ཉི་མ་ཁ་ཤས་ཤིག་གི་རྗེས་སུ་ལས་འགུལ་དེ་གལ་གནད་ཆེ་བའི་ས་ཆ་ཞིག་ནས་དབུ་འཛུགས་ཞུ་རྒྱུ་ཡིན།  ཡིན་ན་ཡང་ལས་འགུལ་དེ་ག་རེ་ཡིན་མིན་དང་ས་ཆ་གང་ནས་སྤེལ་དགོས་ཀྱི་ཡོད་མེད་ཀྱི་གནས་ཚུལ་དེ།    གནས་སྟངས་མང་པོ་ཞིག་གི་ཐད་ནས་དེ་རིང་འདི་ནས་ཞུ་ཐུབ་ཀྱི་མི་འདུག

དྲི་བ། བཙན་བྱོལ་ཁྲོད་མར་མེའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་གྱིས་མཚོན་པས། ལས་འགུལ་ཁག་ནམ་རྒྱུན་དང་གཅིག་པ་འདྲ་ཞིག་རེད། དེ་ལས་ལྷག་པའི་ལས་འགུལ་གསར་པའི་རིགས་ཡོད་དམ།
ལན།  དུས་རྒྱུན་དུ་སྤེལ་བཞིན་པའི་ལས་འགུལ་མར་མེའི་ཁྲོམ་སྐོར་དང་།  ཟས་བཅད་ངོ་རྒོལ། གོམ་བགྲོད་སོགས་རྒྱུན་ལྡན་གྱི་ལས་འགུལ་དེ་དག།   གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་འཐབ་རྩོད་ཀྱི་དགོས་མཁོ་གལ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱས་ནས།  མ་འོངས་པ་ཡང་ལས་འགུལ་དེའི་རིགས་རྒྱུན་འཁྱོངས་གནང་གི་རེད།   ལས་འགུལ་དེ་དག་རྒྱུན་འཁྱོངས་ཡོད་པའི་ཐོག་ནས་འཐབ་རྩོད་ཀྱི་རིམ་པ་གསར་པ་ང་ཚོ་ལ་དགོས་མཁོ་ཆགས་ཡོད་རེད་བསམ་གྱི་ཡོད།  དེ་འདྲ་ཡིན་དུས་གཞུང་དང་མི་མང་ཚང་མས་འཐབ་རྩོད་ཀྱི་རིམ་པ་གསར་པ་ཞིག་གི་ཆེད་དུ།    བསམ་བློ་གཏོང་རྒྱུ་དང་འཆར་གཞི་སྒྲིག་རྒྱུ་དེ་ཏན་ཏན་འཐབ་རྩོད་ཀྱི་དགོས་མཁོ་གལ་ཆེ་ཤོས་ཤིག་ཆགས་ཡོད་རེད་བསམ་གྱི་ཡོད།  ཡིན་ན་ཡང་ལས་འགུལ་འདི་དང་འདི་སྤེལ་དགོས་རེད་ཟེར་ནས་ད་ལྟའི་ཆར་ཞུ་རྒྱུ་མེད།
༢༠༡༢ ལོའི་ཕྱི་ཟླ་༢ ཚེས་༡༨ ཉིན་བཅར་འདྲི་བྱས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།