དུག་གི་ས་བོན་

2009-10-02 20:22

དུག་གི་ས་བོན་བོད་ལ་བཏབ་པའི་ཉིན་མོ།

བོད་ཀྱི་བང་ཆེན།

རྒྱ་ནག་གིས་བོད་ས་ཡོངས་སུ་བཙན་བཟུང་བྱས་ནས་ལོ་༥༠ འཁོར་བ་དང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་

ཅེས་པ་བཙུགས་ནས་ལོ་༦༠ འཁོར་ཡོད་པ་དང། ཟླ་འདིའི་ཚེས་༡ ཉིན་རྒྱ་ནག་གིས་ལོ་༦༠ འཁོར་བའི་རྒྱལ་སྟོན་དུས་

ཆེན་འགོ་འཛུགས་བྱས་ཏེ། ད་ལྟ་རྒྱ་ནག་གི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་དང། སྒོས་སུ་བོད་ཀྱི་གནས་

བབས་ཡར་རྒྱས་ཕྱིན་ཡོད་པའི་ཁྱབ་བསྒྲགས་ཀྱང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

ཉིན་དེ་དང་བསྟུན་ནས་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག།མི་མང་གིས་རྒྱ་ནག་

ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་དང། ངག་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།    ཟླ་འདིའི་ཚེས་༡

ཉིན་གྱི་ཞོགས་པ་ཆུ་ཚོད་༩༌༣༠ ཙམ་ལ་དྷ་ས་མེག་གྷན་ཁྲོམ་གཞུང་དུ་མི་མང་གིས་བོད་ལ་རང་དབང་མེད་པའི་སྐོར་

གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཁྲོམ་སྐོར་གྱི་འགོ་བཙུགས་པ་དང། རྗེས་སུ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་

ཁང་དུ་འདུ་འཛོམས་ཀྱིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་བོད་ཀྱི་གནས་བབས་

དང། རྒྱ་ནག་གིས་གནས་བབས་བཅས་ཀྱི་ཐོག་གསུང་བཤད་གནང་བ་དང།       དེ་བཞིན་གཞོན་ནུའི་ཚོགས་གཙོ་ཚེ་

དབང་རིག་འཛིན་ལགས་དང། བུད་མེད་ཚོགས་གཙོ་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས། དགུ་བཅུ་གསུམ་ཚོགས་པའི་

ཚོགས་གཙོ་ངག་དབང་འོད་འབར་ལགས་བཅས་ཀྱི་རྒྱ་ནག་ལ་ངོ་རྒོལ་གྱི་གསུང་བཤད་གནང་ཡོད་པ་རེད།

དེ་རྗེས་མི་མང་གིས་ངག་བཅད་ངོ་རྒོལ་སྐར་མ་༣༠ ཙམ་རིང་བྱས་པ་དང། ཉིན་དེའི་སྔ་དྲོའི་ལས་འགུལ་མཚམས་

བཞག་ཡོད་པ་རེད། དགོང་མོ་དེར་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་གྱི་ཡོད་པ་རེད།  བོད་ཀྱི་གཞུང་

འབྲེལ་མ་ཡིན་པའི་ཚོགས་པ་བུད་མེད་ལྷན་ཚོགས་དང། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མང་གཙོ་ཚོགས་པ།

བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་

དོན། བཙན་བྱོལ་དུ་གནས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་དང་བོད། ཤར་ཏུར་ཀི་སི་ཐན་

གྱི་མི་མང་རྣམས་ལ་རྒྱ་ནག་དམར་པོའི་གཞུང་གིས་སྒེར་གཅོད་ཀྱི་སྲིད་དབང་འོག་ཏུ་མནར་གཅོད་མྱོང་བཞིན་པར་

གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། ང་ཚོ་ཐུན་མོང་གིས་མྱོང་བཞིན་པའི་གདུག་རྩུབ་འདིའི་འོག་ནས་རང་དབང་

དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་དགོས་པའི་འཐབ་རྩོད་བྱེད་ཀྱི་ཡོད།   དམར་པོའི་གཞུང་འདི་བཙུགས་

ནས་ལོ་ངོ་དྲུག་ཅུ་ཐམ་པ་འཁོར་བའི་དུས་ཡུན་ནང་དཔལ་འབྱོར་གྱི་ཡར་རྒྱས་གང་ཙམ་ཕྱིན་ཡོད་ནའང། མང་གཙོ་

དང་འགྲོ་བ་མིའི་རང་དབང་གི་ཐོབ་ཐང་གང་ཡང་མེད་པའི་འོག་ཏུ་གནས་ཡོད།

ལོ་ངོ་དྲུག་ཅུའི་ཡར་སྔོན་གྱི་དེ་རིང་གི་ཉིན་མོ་འདི་ནས་རྒྱ་ནག་དམར་པོའི་གཞུང་གི་འོག་ལ་གནས་པའི་གྲངས་ཉུང་

མི་རིགས་ལྔ་བཅུ་ང་ལྔ་ཡོད་པ་དག་གིས་མུན་ནག་གི་དུས་རིམ་ནང་སྐྱེལ་གྱི་ཡོད་ལ། དེ་ནས་བོད་ཡོངས་ལ་མུན་ནག་

གི་སྤྲིན་རིམ་ཞིག་འཐིབས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཛ་དྲག་པོའི་ནང་གནས་ཡོད། དེ་རིང་གི་ཉིན་མོ་

འདིར་ང་ཚོས་སྲུང་བརྩི་བྱས་པ་མ་ཡིན་པར་མྱ་ངན་བྱེད་རྒྱུ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། དེ་རིང་གི་ཉིན་མོ་འདིར་

དུག་གི་ས་བོན་བོད་ལ་བཏབ་པའི་ཉིན་མོ་ཡིན། ཉིན་མོ་འདིའི་ངོ་རྒོལ་ནི་སྲིད་དབང་སྒེར་གཅོད་བྱེད་པའི་སྲིད་ཇུས་

རྨེག་མེད་བཏང་ནས་མི་མང་ལ་མང་གཙོ་དང་རང་དབང་ཐོབ་པའི་ཆེད་དུ་ཡིན།    ང་ཚོས་རྒྱ་ནག་དམར་པོའི་སྲིད་

གཞུང་གི་ལོ་ངོ་དྲུག་ཅུའི་དྲག་གནོན་དང་གདུག་རྩུབ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། རྒྱ་ནག་མི་མང་གིས་ཀྱང་ངེས་པར་

དུ་ངོས་ཟིན་དགོས་པ་གལ་ཆེན་ཡིན། དེའི་སྟབས་ཀྱིས་འཛམ་གླིང་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་

ཀྱིས་གློག་རྡུལ་དྲ་བ་བརྒྱུད་དེ་རྒྱ་ནག་མི་མང་ལ་ངེས་པར་དུ་གསལ་བཤད་གོ་སྐོན་གནང་བའི་རེ་བ་འཛིན་གྱི་ཡོད།

རྒྱ་ནག་དམར་པོའི་གཞུང་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་ལ་མི་གྲངས་ས་ཡ་མང་པོ་ཆབ་སྲིད་ཀྱི་གདུག་རྩུབ་འོག་

མནར་གཅོད་མྱངས་དང་མྱོང་བཞིན་པ་ཡིན།  དེའི་ཕྱིར་རྒྱ་ནག་གི་དམར་པོའི་གཞུང་འདི་རྒྱལ་སྤྱིའི་མཉམ་འབྲེལ་

རྒྱལ་ཚོགས་སུ་ཞུགས་རྒྱུའི་ཆ་རྐྱེན་ཏིལ་འབྲུ་ཙམ་མེད་པ་རེད། རྒྱ་ནག་གི་དཔལ་འབྱོར་གྱི་དབང་ཤུགས་འཛམ་གླིང་

ལ་ཁྱབ་བཞིན་པ་འདི། འཛམ་གླིང་མི་མང་གི་ཉེན་ཁ་དང་བློ་འཚབ་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད། དེའི་སྟབས་ཀྱིས་

དེ་རིང་གི་ཉིན་མོ་འདི་ལ་རྒྱ་ནག་སྲིད་གཞུང་གི་སྒེར་གཅོད་ཀྱི་སྲིད་ཇུས་མཚམས་འཇོག་དང་རྒྱལ་སྤྱིའི་སྤྱི་ཚོགས་

ནང་གུས་ཞབས་ལྡན་པ་དང་འགན་ཆ་ཚང་ཁུར་ཐུབ་མཁན་གྱི་ཚོགས་མི་ཞིག་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱ་

ནག་གཞུང་གིས་དུས་རྟག་ཏུ་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་བརྗོད་པའི་དམིགས་ཡུལ་དེ་ནི་ཁོང་ཚོས་མི་མང་ལ་

གུས་ཞབས་ལྡན་པ་དང་འགྲོ་བ་མིའི་རང་དབང་དང་མང་གཙོའི་བདེ་སྐྱིད་ཐོབ་པའི་ཉིན་མོར་གཞི་ནས་འགྲུབ་

ཐུབ་པ་ཡིན། ང་ཚོས་ག་རེ་བྱེད་དགོས་ཟེར་ན་དྲང་བདེན་དང་མང་གཙོ། ཞི་བདེ་སོགས་བསྐྲུན་ནས་རྒྱ་ནག་དང་

བོད་གཉིས་ལ་ལྷིང་འཇགས་ཀྱི་འཚོ་བ་ཞིག་བསྐྲུན་དགོས། ད་ལྟའིི་དུས་ཚོད་འདི་ནི་ང་ཚོ་མཉམ་རུབ་ཀྱིས་ལས་ཀ་

བྱེད་པའི་དུས་ཚོད་གལ་ཆེན་ཞིག་ཡིན་ཞེས་འཁོད་ཡོད་པ་རེད།   དེ་བཞིན་ཉིན་དེར་བོད་རིགས་གནས་སྡོད་བྱེད་

སའི་ས་གནས་གང་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Create free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།