དགོངས་ཚུལ།
ཨེ་ཤེ་ཡའི་སྤྱི་མཐུན་ཞིག་གསར་འཛུགས་དགོས་རྒྱུའི་དགོངས་ཚུལ།
ཉི་ཧོང་གི་སྲིད་བློན་གསར་པ་ཡུ་ཀི་ཡོ་ཧ་ཏོ་ཡ་མས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ལ་ཉི་
ཧོང་དང་རྒྱ་ནག་བཟུང་འབྲེལ་གྱི་ཐོག་ནས་ཡོ་རོབ་སྤྱི་མཐུན་དང་འདྲ་བ་ཤར་ཨེ་ཤེ་ཡའི་སྤྱི་མཐུན་ཞིག་གསར་
འཛུགས་གནང་དགོས་རྒྱུའི་དགོངས་འཆར་ཞིག་བཏོན་གནང་འདུག་ཅིང་འདི་ནི་ཕྱོགས་གཞན་ཞིག་ནས་རྒྱ་ནག་
དང་ཉི་ཧོང་དབར་གྱི་འདས་པའི་ལོ་རྒྱུས་ཀྱི་འཁོན་འཛིན་ཞི་ཐབས་ཀྱི་ལས་དོན་ཞིག་ཡིན་པ་གནད་དོན་དབྱེ་
ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
སྐུ་ཞབས་ཧ་ཏོ་ཡ་མས་ཉི་ཧོང་གི་སྲིད་བློན་གྱི་མཛད་འཁུར་བཞེས་སྟེ་གཟའ་འཁོར་གཅིག་ཙམ་ལས་འགྲོ་གི་མེད་
ཀྱང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚུགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་ཆེད་ཕེབས་
གནང་ཡོད་པ་དང་ཁོང་ནས་ཨ་རིའི་གྲོང་ཁྱེར་པིཏ་སི་སྦག་ཏུ་ཚུགས་རྒྱུའི་བཟོ་ལས་ཡར་ཐོན་ཅན་དང་ཡར་རྒྱས་
འགྲོ་བཞིན་པའི་ཡུལ་གྲུ་ཉི་ཤུའི་དབུ་འཁྲིད་ཀྱི་ལྷན་ཚོགས་སྐབས་ཡུལ་གྲུ་དེ་དག་གི་དབུ་འཁྲིད་རྣམས་དང་མཇལ་
འཕྲད་གནང་རྒྱུ་ཡིན་འདུག
སྐུ་ཞབས་ཧ་ཏོ་ཡ་མ་ནི་ལོ་རྒྱུས་ཐོག་གི་རྒྱ་ནག་དང་ཉི་ཧོང་དབར་གྱི་འཁོན་འཛིན་ཞི་ཐབས་གནང་རྒྱུར་འབད་
བརྩོན་ཆེན་པོ་གནང་མཁན་ཞིག་ཡིན་ཞིང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཁོང་གི་ངོས་ནས་
བྱུང་ན་དངུལ་ལོར་ངོ་བོ་གཅིག་གི་འོག་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་སྤྱི་མཐུན་སྒྲིག་འཛུགས་ཤིག་འབྱུང་རྒྱུར་
ཤུགས་སྣོན་སྐྱོན་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་དང་ད་དུང་ཉི་ཧོང་གི་སྲིད་བློན་གྱིས་སྤྱི་མཐུན་སྒྲིག་
འཛུགས་ཀྱི་གནས་སྟངས་དེའི་འོག་ད་ཡོད་ཉི་ཧོང་དང་རྒྱ་ནག་གཉིས་དབར་ཤར་རྒྱ་ནག་གི་རྒྱ་མཚོའི་ནང་གི་
རང་འབྱུང་རྫས་རླུངས་ཐོན་ཁུངས་ཀྱི་ས་གནས་ཁག་ལ་རྩོད་པ་ཡོད་པ་དེ་དག་ཀྱང་རང་བཞིན་གྱིས་ཞི་ཐུབ་པ་
ཡོང་རྒྱུ་ཡིན་པ་ཡང་འགྲེལ་བརྗོད་གནང་འདུག
འོན་ཀྱང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོས་ཉི་ཧོང་གི་སྲིད་བློན་གྱི་དགོངས་འཆར་ལ་ཐད་ཀར་མོས་མཐུན་
གནང་མེད་ཀྱང་རྒྱ་ནག་གི་ངོས་ནས་ཀྱང་དཀའ་རྙོག་འབྱུང་གཞིའི་གནད་དོན་ཁག་སེལ་རྒྱུར་འདོད་པ་ཡོད་པའི་
ལན་འདེབས་གནང་ཡོད་པ་རེད།
———
Back

