བོད་ཀྱི་གཞོན་ནུ་ལྷན་ཚོགས་དགུང་ལོ་ ༤༠ སོན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་རིག་འགྲན་བསྡུར་དང་སློབ་ཡོན་རོགས་སྐྱོར།
རིགས་གཅིག་རྐང་འཛིན་གསོ་སྐྱོང་དང་། བོད་རང་བཙན་གྱི་སྙིང་སྟོབས་སླར་གསོ། དོལ་རྒྱལ་ཚོགས་པར་ཁ་གཏད་
གཅོག་རྒྱུ་དང་། ༢༠༡༡ ལོའི་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་ཐད་མི་དམངས་ལ་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ལས་
གཞི་མང་པོ་གྲ་སྒྲིག་ཡོད་སྟབས། མི་དམངས་ཚོས་སྔར་ལྷག་རོགས་འདེགས་གནང་རོགས་ཟེར།
ཕྱི་ཚེས་ ༧ ཉིན་བཞུགས་སྒར་བོད་གཞུང་ཟློས་གར་ཚོགས་པའི་སྤོ་ལོ་རྩེད་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་
བརྙེས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ངང་སྲུང་གཙི་བྱས་ཡོད་ལ། མཛད་སྒོའི་སྐུ་མགྲོན་
གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་
སྐུ་ཚབ་དང་བཞུགས་སྒར་ཁུལ་གྱི་མི་དམངས་བཅས་འདུ་འཛོམས་བྱུང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་ཡོངས་
ནས་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་སྐར་མ་གཅིག་རིང་བྱས་རྗེས་བོད་གཞུང་
ཟློས་གར་ཚོགས་པས་གཞོན་ནུའི་མཐུན་གཞས་གདངས་དབྱངས་སུ་གྱེར་ཅིང་། སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱུན་
ལས་གསར་རྙིང་བརྗེ་ལེན་གྱི་བྱ་དགའ་གསོལ་རས་བསྩལ་ཡོད།

སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་གཞོན་ནུ་ལྷན་
ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་བའི་སྙིང་དོན་གནད་བསྡུས། ལོ་ངོ་བཞི་བཅུའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ལ་
ཕྱིར་མིག་བལྟ་སྐབས། གོ་སྐབས་དང་ནུས་ཤུགས་བཀོལ་སྤྱོད་དམ་འཛིན་མ་ཐུབ་པའི་ཞན་སྐྱོན་ཡང་བྱུང་ཡོད་སྲིད་
ཀྱང༌། ༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་དང༌། བཙན་བྱོལ་བོད་གཞུང་གི་མང་གཙོ་འཕེལ་རིམ་གྱི་ཁོར་
ཡུག་ཁྲོད། ད་ལྟའི་ཆར་རྒྱལ་ཁབ་ ༡༢ ནང་ས་གནས་ཡན་ལག ༨༥ ཙམ་དང༌། ཚོགས་མི་ ༣༥༠༠༠ ལྷག་ཡོད་ཅིང༌།
དབུས་སའི་རྒྱུན་ལས་དང་ཚོགས་མི་ཚོས་བདེན་དོན་གྱི་རྒྱལ་ཁ་དང་འགན་འཁུར་རང་བཞིན་གྱི་འབད་བརྩོན་དང་
ཆོད་སེམས་རྒྱུན་མཐུད་པར་བརྟེན། ད་བར་ལྷན་ཚོགས་འདིའི་ངོས་ནས་བོད་རང་བཙན་སླར་གསོ་དང༌། གཞུང་མང་
བཀུར་སྐྱོང༌། ཐུན་མིན་ཆོས་རིག་སྲུང་འཛིན་དར་སྤེལ། སྤྱི་ཚོགས་ཞབས་ཞུ། མང་གཙོ་མདུན་སྐྱོད། བོད་མིའི་ཆིག་སྒྲིལ་
དང་རྒྱལ་ཞེན་གྱི་སྙིང་སྟོབས་གོང་སྤེལ་སོགས་ཀྱི་ཐད། འགན་འཁུར་མི་དམན་པ་བསྒྲུབས་དང་སྒྲུབ་མུས་ལགས།
ཅེས་དང་།
རྩམ་གཟན་བོད་རིགས་ཡོངས་ལ་དེ་རིང་གནད་དོན་གཅིག་སླར་ཡང་དྲན་སྐུལ་ནན་པོར་ཞུ་རྒྱུར། དགྲ་བོ་རྒྱ་ནག་
གཞུང་གིས་སྔ་བར་ཕྱི་གསུམ་དུ་ཡར་རྒྱས་དང༌། རོགས་སྐྱོར། བཅིངས་འགྲོལ་ཟེར་བ་སོགས་ཀྱི་འབོད་ཚིག་རྫུན་མའི་
འོག བོད་ཀྱི་ངོ་བོ་འཚོ་གནས་དང་བཅས་པ་རྩ་མེད་བཟོ་རྒྱུའི་ངན་འཆར་ལ་འགྱུར་བ་མེད་པ་མ་ཟད། མི་སེར་སྤེལ་
བའི་སྲིད་ཇུས་འོག་ད་ཆ་བོད་གོར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་ཤར་གཏོང་ཟིན་པ་དང༌། ད་དུང་ཁྲིན་ཏུ་
ནས་དར་རྩེ་མདོ་དང༌། དར་མདོ་ནས་ལི་ཐང་དང་མཛོ་སྒང༌། ལྷ་ས་ནས་གཞིས་ཀ་རྩེ་དང༌། ཉིང་ཁྲི། གཞིས་རྩེ་ནས་
གྲོ་མོ་བར་བཅས་ལ་མེ་འཁོར་ལྕགས་ལམ་ཤར་གཏོང་བྱ་གཏན་འཁེལ་ཟིན་ཡོད་ཅིང༌། དེ་དག་བརྒྱུད་རྒྱ་ནག་ནས་
བོད་དུ་རྒྱ་མི་རིགས་སྤོ་ཤུགས་ཇེ་མགྱོགས་སུ་བཏང་སྟེ། བོད་མི་རིགས་དང་བོད་ཀྱི་འཚོ་གནས་ལ་ཉེན་ཁ་བཟོ་བ་དང༌།
བོད་ནས་གཏེར་ཁ་རིགས་རྒྱ་ནག་ཏུ་དབོར་འཁྱེར་སོགས། ད་ཆ་ཁྱོན་ཡོངས་ནས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བའི་ཚད་
གཞི་མཐོ་ཤོས་ཀྱི་དུས་རིམ་དུ་སླེབས་ཡོད་པས། ང་ཚོ་ཚང་མས་དེར་སྔར་བས་ཛ་དྲག་གི་སེམས་ཚོར་དང་གདོང་ལེན་
གྱིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ངན་ཇུས་གསལ་སྟོན་ཐོག ༧གོང་ས་མཆོག་དང་རང་གཞུང་ལ་བླ་མེད་ཀྱི་གོང་བཀུར་
གསལ་སྟོན། ཤ་རུས་དམིགས་འདུན་གཅིག་པའི་བོད་རིགས་ཕན་ཚུན་བར་ཆིག་སྒྲིལ་དང་ལྟ་སྐྱོང་རོགས་ཕན། ཞིང་
འབྲོག་གི་འཚོ་ཐབས་དང་རང་ས་རྒྱུན་འཛིན་གཅེས་ཉར་གྱིས་རང་འཚོ་ཐུབ་པའི་གོ་སྐབས་དང་གནས་བབ་རྩོད་
ལེན་དགོས་རྒྱུ་ནི། བོད་ཤི་གསོན་གྱི་འགག་མཚམས་ནས་གསོན་པོར་གནས་པའི་ཐབས་ལམ་ཉག་གཅིག་དང༌། ཁྲིམས་
མཐུན་གྱི་ཐོབ་ཐང་ཡང་ཡིན། ཅེས་གསུངས་བྱུང་།
ཁོང་གིས་གཞོན་ལྷན་གྱི་ལས་འཆར་ཁག་ཅིག་ངོ་སྤྲོད་གནང་དོན། དེ་བཞིན་འདི་ལོར་འགན་ལྷན་ཐེངས་ ༤༠ པའི་
གྲོས་ཆོད་བཞིན། གཞོན་ལྷན་ནས་བོད་ཡིག་ཐོག་རྩོམ་བྲིས་འགྲན་སྡུར་དང༌། ས་གནས་ཁག་ཏུ་བོད་ཡིག་ཟུར་འཁྲིད།
རིགས་གཅིག་རྐང་འཛིན་པར་སློབ་ཡོན་འབུལ་རྒྱུ། བོད་རང་བཙན་སླར་གསོའི་སྙིང་སྟོབས་གོང་སྤེལ། རྒྱལ་སྤྱིའི་ཐོག་
བོད་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་འགྲེམས་སྤེལ། སྔར་ལྷག་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་སྐྱེད། ནུབ་ཕྱོགས་
ཤུགས་ལྡན་ཚོགས་པ་ཟེར་བའི་དྲ་རྒྱའི་གཙོས་དོལ་རྒྱལ་ཚོགས་པའི་ཡིག་ཆ་ཁག་ལ་ལན་འདེབས། བོད་ནང་རྒྱལ་
གཅེས་ཆོས་གཅེས་ཟེར་བ་དང་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དང༌།
སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚད་ལྡན་འོས་འདེམས་ཡོང་བར་རྒྱ་ཁྱབ་ཀྱི་གོ་རྟོགས་ལས་འགུལ། དེ་མཚུངས་ས་གནས་
མི་འབོར་ལ་གཞིགས་པའི་བོད་མི་མང་སྤྱི་འཐུས་དྲག་འདེམས་དང་ས་གནས་མགོ་འཛིན་ས་གནས་མི་མང་གིས་འོས་
འདེམས་ཡོང་ཐབས་སོགས་བཙན་བྱོལ་བོད་མིའི་མང་གཙོ་གོང་སྤེལ་སོགས་གྲོས་ཆོད་བཞག་པ་བཞིན། གྲོས་ཆོད་
ལག་བསྟར་དོན་འཁྱོལ་ཡོང་བར་ལས་འགུལ་སྣ་མང་བརྩམ་རྒྱུ་ཡིན་ཞིང༌། ད་བར་སྒྲིག་འཛུགས་འདིས་རླབས་ཆེན་གྱི་
ལས་དོན་མང་པོ་ཞིག་བསྒྲུབས་ཐུབ་པ་ནི། རང་རིགས་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལ་
བརྟེན་ནས་བྱུང་བ་ལགས་ཤིང༌། མ་འོངས་པར་ཡང་གོང་གསལ་ལས་འགུལ་ཁག་གི་ཐད་རྒྱ་ཆེའི་མང་ཚོགས་ནས་
སྔར་ལྷག་ཆ་ཤས་ལེན་གནང་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།

དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན།
བར་ལམ་ཞིག་ནས་ང་ཚོའི་སྤྱི་ཚོགས་ནང་། རང་བཙན་དང་དབུ་མའི་ལམ་གྱི་ཐོག་ལ་རྩོད་གླེང་མང་པོ་ཡོང་གིན་
འདུག ང་ཚོས་རང་བཙན་རྩོད་དགོས་ན་འདྲ་ལ། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་དགོས་
ནའང་འདྲ། དངོས་སུ་ལས་ཀ་བྱ་དགོས་པ་ཞིག་རེད་མ་གཏོགས་ནང་ཁུལ་ལ་རྩོད་པ་བརྒྱབས་བསྡད་ན་དགྲ་ལ་ཁ་
བཏད་སུས་གཅོག་དགོས་པ་རེད། རང་བཙན་དང་དབུ་མ་གཉིས་ཀར་སོ་སོའི་དགྲ་ངོ་འཕྲོད་དགོས་པ་རེད། བོད་
ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚོན་ན། རང་བཙན་གྱི་ལངས་ཕྱོགས་གསལ་བོར་བཟུང་ཡོད། ངར་མཚོན་ན། ད་ལྟའི་
ཆར་སྤྱི་འཐུས་ལྷན་ཚོགས་ནང་མི་དམངས་ཀྱིས་འོས་བདམས་བྱས་ཤིང་། ཚོགས་གཙོ་གཞོན་པའི་འགན་ཞིག་ཀྱང་
འཁུར་ཡོད། དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་དང་ནུས་པ་གང་ཡོད་འདོན་མཁན་ཞིག་ཆགས་ཡོད། འོན་ཀྱང་།
གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་བརྩད་པ་མི་འགྲིག་པ་ཞིག་ལ་རྩ་བ་ནས་མཐོང་གི་མེད། དེ་བཞིན། གཞོན་ནུ་
ལྷན་ཚོགས་ཀྱིས་ཀྱང་གཞུང་གི་ལངས་ཕྱོགས་འགྲིག་དང་མི་འགྲིག་གསུང་རྒྱུ་ཉུང་དུ་བཏང་སྟེ། རང་གི་ནུས་པ་མང་
དུ་བཏོན་ན། དམངས་གཙོའི་གཞུང་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། ཅེས་དང་།
ངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ང་ཚོའི་ནུས་པ་ཆེ་ཤོས་དེ་བོད་ནང་གི་བོད་མི་ཚོའི་
སྙིང་སྟོབས་ཡིན་པ་ངོས་ཟིན་ཐོག བོད་ནང་ལ་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་བཞིན། རྒྱ་གར་
ལ་གསར་དུ་འབྱོར་རིགས་ཚོར་ཡང་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས། གང་ཡིན་ཟེར་ན། རྒྱ་གཞུང་སྐྲག་ས་༧གོང་
ས་མཆོག་དང་། བོད་ནང་ལ་ཟིང་འཁྲུག་ལངས་རྒྱུ་དེ་རེད། བོད་མི་ས་ཡ་དྲུག་ཟེར་དུས་བོད་མི་མང་ཤོས་བོད་ནང་
ཡོད། མང་ཕྱོགས་ཀྱིས་རྒྱ་ནག་ལ་ཁ་གཏད་བཅག་ན་རང་བཞིན་གྱིས་ནུས་ཤུགས་ཆེན་པོ་ཡོད། ཉེ་ལམ་ང་རང་བོད་
ནས་ཕེབས་པའི་ཆབ་སྲིད་ཕྱག་ལས་གནང་མཁན་འགའ་རེར་ཐུག་མྱོང་། ཁ་ཤས་ཀྱིས་བློ་ཕམ་གནང་གིན་འདུག
བོད་ནང་ཟ་རྒྱ་འཐུང་རྒྱུ་མ་རག་པར་ཡོང་བ་མིན། ཕ་མ་གཉེན་ཉེ་དང་ནང་མི་བུ་ཕྲུག་བཞག་སྟེ་ཡོང་དོན། ཆབ་སྲིད་
ཀྱི་གནད་འགག་ཅིག་གི་ཐོག་ནས་ཡོང་བ་ཡིན། འོན་ཀྱང་། འདིར་སླེབས་རྗེས་སོ་སོའི་སྙིང་སྟོབས་དང་ལྷག་བསམ་
བེད་སྤྱོད་གཏོང་ས་མི་འདུག ཅེས་རྗོད་ཀྱིན་འདུག དེའི་ཐད་འདིར་ཕེབས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་
ཚང་མས་ཐུགས་སྣང་གནང་དགོས་པ་རེད། ཅེས་གསུངས་སོང་།

དེའི་རྗེས་བོད་གཞུང་ཟློས་གར་དང་སུ་ཇཱ་སློབ་གྲྭ་གཉིས་ཀྱི་བུ་མོའི་སྤོ་ལོའི་རུ་ཁག་དང་། ཤེས་རབ་དགའ་ཚལ་སློབ་
གླིང་དང་གྷོལ་པ་པུར་གཉིས་ཀྱི་བུའི་སྤོ་ལོ་རུ་ཁག་བཅས་ནས་ལག་རྩེད་སྤོ་ལོའི་མཐའ་མའི་སྟེང་རྩོད་འགྲན་བསྡུར་
བྱས་ཏེ། བུ་མོའི་རུ་ཁག་གཉིས་ལས་སུ་ཇཱ་སློབ་གྲྭར་ཐོབ་ཡོད་ལ། བུའི་རུ་ཁག་གཉིས་ཀྱི་འགྲན་བསྡུར་འདྲ་མཉམ་
ཆགས་ཏེ། རྒྱལ་ཕམ་གྱི་གསལ་ཁ་ཕྱེས་མ་ཐུབ་པར་མཚམས་འཇོག་བྱ་དགོས་བྱུང་ཡོད།