ཆོས་ཞུ་བརྒྱད་སྟོང་ལྷག་འབྱོར

04/01/2012 12:35

 

 

རྡོར་གདན་དུ་བོད་ནས་ཆོས་ཞུ་བརྒྱད་སྟོང་ལྷག་ཅིག་འབྱོར་འདུག

བོད་ཀྱི་བང་ཆེན།

གློག་འཕྲིན།པར་འདེབས།ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༢ ཉིན་བསྡོམས་རྩིས་བྱས་པ་ལྟར་ན་རྡོར་གདན་སྣེ་ལེན་འབྲེལ་མཐུད་ཁང་ལ་བོད་ནས་འབྱོར་བའི་དད་ལྡན་ཆོས་ཞུ་བ་མི་གྲངས་ ༨༠༠༠ ལྷག་ཅིག་ཡོད་པ་དང་། ཁོང་ཚང་མར་འཕྲོད་བསྟེན་དང་སྡོད་གནས་བཅས་ཀྱི་མཐུན་རྐྱེན་གང་ཐུབ་ཐུབ་ཅིག་སྣེ་ལེན་ཁང་གིས་བྱེད་ཀྱི་ཡོད་ཅེས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུས་བརྗོད་སོང་།  དེ་ཡང་འདི་ལོར་སྔར་དང་མ་འདྲ་བར་བོད་ནས་དད་ལྡན་ཆོས་ཞུ་བ་ཧ་ཅང་མང་པོ་ཞིག་འབྱོར་བཞིན་ཡོད་པ་དང་། ས་གནས་སུ་བོད་གཞུང་སྣེ་ལེན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་སྡོད་གུར་བརྒྱབ་ནས་བསྡད་ཡོད་པའི་གནས་སྟངས་སྐོར་ལ་འདི་གའི་གསར་འགོད་པ་རྒྱུས་ལོན་བྱེད་དུ་ཕྱིན་པ་ཡིན། རྡོར་གདན་སྣེ་ལེན་འབྲེལ་མཐུད་ཁང་ནི་རྡོར་གདན་མཆོད་རྟེན་རིན་པོ་ཆེ་ནས་ཆུ་བོ་ནེ་རན་ཛྙ་ནར་འགྲོ་སའི་ལམ་བར་དུ་འདུག་ལ། གསར་འགོད་པ་ཁོང་ཚོ་སྡོད་གནས་སུ་འབྱོར་སྐབས་མང་པོ་ཞིག་གིས་ཉི་མ་དེའི་སྔར་ཉིན་དང་མཚན་མོ་བཅས་སུ་ཆར་བ་ཤུགས་ཆེན་བབས་རྐྱེན་གུར་ནང་དུ་ཆུ་བརྒྱུགས་ནས་གདན་དང་གྱོན་གོས་སོགས་རློན་པར་གྱུར་པ་རྣམས་ཉི་མར་སྐམ་བཞིན་འདུག་ལ། ཆར་ཤུགས་ཆེ་བའི་དཀའ་ངལ་ཡང་འཕྲད་བཞིན་འདུག ཚོགས་ཁང་ལྟ་བུའི་རས་གུར་ཆེན་པོ་ཞིག་ཏུ་འང་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་༸གོང་ས་མཆོག་གི་སྔོན་འགྲོའི་གསུང་ཆོས་དང་འབྲེལ་བའི་གསུང་ཆོས་ངོ་སྤྲོད་གནང་བར་མི་བརྒྱ་ཕྲག་ཁ་ཤས་བཅར་འདུག དེ་ལས་མང་བ་ཞིག་ནི་ཕྱག་སྐོར་མཆོད་འབུལ་བྱེད་ཆེད་གསུང་ཆོས་རྭ་བ་དང་རྡོར་གདན་མཆོད་རྟེན་རིན་པོ་ཆེའི་ཕྱོགས་སུ་བསྐྱོད་བཞིན་འདུག གསར་འབྱོར་བའི་སྡོད་གུར་མང་ཆེ་བར་ལྟ་སྐོར་བྱས་པ་དང་། སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་བཅར་འདྲི་དང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་སྣེ་ལེན་ཁང་དུ་བོད་ནས་ཆོས་ཞུ་བ་སྟོང་ཕྲག་བརྒྱད་ལྷག་ཡོད་པ་དང་། ཁོང་ཚོ་ཐོག་མར་བལ་ཡུལ་ནས་རྒྱ་གར་ས་མཚམས་སུ་སྐད་བརྡ་མ་འཕྲོད་པ་དང་། རྒྱ་གར་དུ་འབྱོར་འཕྲལ་མགྲོན་ཁང་མ་རག་པ་ལྟ་བུའི་དཀའ་ངལ་འཕྲད་ཡོད་འདུག་ནའང་། དབུས་སའི་སྣེ་ལེན་ཁང་རིམ་པ་དང་བལ་ཡུལ་དང་ལྡི་ལི་དོན་གཅོད་བཅས་ཀྱིས་དུས་ཐོག་རོགས་སྐྱོར་བྱས་ཡོད་འདུག རྡོར་གདན་ནས་དང་པོ་སྡོད་གུར་རྒྱག་རྒྱུ་དང་། གློག་དང་ཆུ་སོགས་གྲ་སྒྲིག་མ་ཚར་བའི་དབང་གིས་གསར་འབྱོར་ཆོས་ཞུ་བ་གནས་སྐབས་སྡོད་ས་མ་རག་ལྟ་བུའི་དཀའ་ངལ་འཕྲད་ཡོད་འདུག་ནའང་། ད་ལྟ་མི་དྲུག་སྟོང་ཙམ་ཤོང་ཚད་ཀྱི་སྡོད་གུར་ཁག་གི་ནང་མི་བདུན་སྟོང་ལྷག་ཅིག་འཚང་ཁའི་ངང་བསྡད་ཡོད་པ་དང་། མང་པོ་ཞིག་གིས་ས་གནས་ནས་ཁང་པ་གླས་ནས་བསྡད་ཡོད་པ་རེད། བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་ཚོའི་དེང་སྐབས་ཀྱི་དཀའ་ངལ་ཆེ་ཤོས་ནི་སྐད་བརྡ་མ་འཕྲོད་པ་དང་། ཆར་བ་ཤུགས་ཆེན་བབས་སྐབས་སྡོད་གུར་ནང་ཆུ་བརྒྱབ་པའི་དཀའ་ངལ་རེད་འདུག་ལ། ས་ཆུ་འཕྲོད་མིན་གྱི་འཆམ་པ་ཕོག་སླ་བ་དང་གྲོད་ཁོག་ན་བ། ཁྲག་ཤེད་འཕར་བ། ཚ་བ་འཕར་བ་བཅས་ཡང་ཡང་བྱུང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག་མོད། སྣེ་ལེན་ཁང་ནས་ཆུ་ཁོལ་མ་མཁོ་སྤྲོད་བྱེད་པ་དང་རྒྱ་སྨན་དང་བོད་སྨན་བཅས་ཀྱི་སྨན་ཁང་ཁག་གསུམ་ནས་དུས་ཐོག་སྨན་བཅོས་བྱེད་པ་དང་། ནད་པ་ཚབས་ཆེན་ལ་མྱུར་སྐྱོབས་རླངས་འཁོར་གྱིས་ས་གནས་སྨན་ཁང་ཆེ་ཁག་ལ་བསྐྱོད་པ་སོགས་ཀྱིས་འཕྲོད་བསྟེན་ཐོག་འགན་ཁུར་ཆེན་པོོ་ལེན་བཞིན་པར་བརྟེན། ད་སྔོན་མི་གཅིག་འདས་གྲོངས་ཕྱིན་པ་ལས་དཀའ་ངལ་ཚབས་ཆེན་བྱུང་ཡོད་མི་འདུག

སྣེ་ལེན་ཁང་གི་འགན་འཛིན་གྱིས་བརྗོད་པ་ལྟར་ན་འདི་ལོར་གསར་འབྱོར་ཆོས་ཞུ་བ་ཚང་མ་རྒྱ་ནག་གི་ཕྱིར་བསྐྱོད་ལག་ཁྱེར་ཐོག་སླེབས་ཡོད་པ་དང་། དམིགས་བསལ་རྒྱ་གར་ནས་སྐྱབས་བཅོལ་ལེན་རྒྱུ་དང་། སློབ་གྲྭ་དང་གྲྭ་སར་ཞུགས་མཁན་རྣམས་ནི་བལ་ཡུལ་སྣེ་ལེན་ཁང་དུ་བསྡད་ཡོད་པ་དང་། གསུང་ཆོས་གྲུབ་རྗེས་བལ་ཡུལ་ནས་དྷ་ས་བརྒྱུད་སློབ་གྲྭ་དང་གྲྭ་སར་ཞུགས་རྒྱུ་ཡིན་འདུག དེ་མིན་ད་གསར་འབྱོར་ཆོས་ཞུ་བ་ཚོས་རང་གི་བུ་བུ་མོ་སློབ་གྲྭར་ཡོད་པ་དང་། གྲྭ་སར་ཡོད་པ་དག་ལ་ཐུག་འཕྲད་བྱུང་བ་དང་། ༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས། བྱིན་རླབས་ཅན་གྱི་གནས་མཇལ་དང་ཕྱག་སྐོར་མཆོད་འབུལ་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོག་ཡོད་པ་ནི་དགའ་སྤྲོ་དང་བསོད་ནམས་ཆེན་པོ་ཡིན་གནས་སུ་གྱུར་སོང་ཞེས་བརྗོད་ཀྱི་འདུག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།