ངྷ་ཞོལ་སློབ་གྲྭ་
ངྷ་ཞོལ་སློབ་གྲྭ་རང་སྐྱ་འཕེར་བའི་སློབ་གྲྭ་དང་པོ་ཆཊ་ཡོད།
བོད་ཀྱི་དུས་བབ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཚད་མ་རིག་པ་འདི་མགོ་འཛུགས་སྐབས་ནས་འདི་འདྲའི་ཡག་པོ་ཞིག་བྱུང་བ་
ཡིན་ན། མ་འོངས་པར་ཡར་རྒྱས་འགྲོ་བར་རེ་བ་ཆེན་པོ་འདུག འོན་ཀྱང་། ང་ཚོའི་བོད་པར་སྐྱོན་ཆ་ཞིག་ཡོད་པ་ནི།
ལས་ཀ་གང་ཞིག་མགོ་འཛུགས་སྐབས། དྲ་ཆགས་པོ་དང་ཡག་པོ་ཡོད་ཀྱང་། དུས་ཚོད་གང་འཚམ་ཕྱིན་སྐབས་མཐོང་
རྒྱུ་མེད་པ་ཆགས་འགྲོ་བཞིན་ཡོད། ལས་གཞི་འདི་ཡང་དེ་འདྲ་ཆགས་པ་ཡིན་ན་བློ་ཕམ་པོ་རེད། ཅེས་དཔལ་རྒྱལ་བ་
༧ཀརྨ་པ་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༡༠ ཉིན་ནས་ ༡༢ བར་ཉིན་གྲངས་གསུམ་རིང་ངྷ་ཞོལ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་
དྲན་སྲུང་གཙི་བྱས་ཡོད་ལ། ཉིན་དང་པོའི་དབུ་འཛུགས་མཛད་སྒོའི་སྟེང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་
པ་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ་གསུང་བཤད་གནང་ཡོད་ལ། དེ་བཞིན་བཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་
གི་འགན་འཛིན་དང་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི། སློབ་ཕྲུག་དག་གི་ཁྱིམ་བདག་བཅས་ཀྱང་ཕེབས་ཡོད། ཉིན་
དང་པོར་སློབ་གྲྭའི་ཁང་ཚན་སོ་སོ་ནས་རུ་སྒྲིག་དང་གླུ་གཞས་འཁྲབ་སྟོན་བྱས་ཡོད་ལ། སྐུ་མགྲོན་གཙོ་བོ་བཀའ་ཁྲི་
ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཡོད། ཉིན་གཉིས་པར་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་ངྷ་ཞོལ་སློབ་གྲྭ། སུ་ཇཱ་སློབ་
གྲྭ། ཅོན་ཏ་ར། གྷོན་པ་པིར། ལ་དྭགས་སློབ་གྲྭ། སེ་ལ་ཀོལ་སོགས་སློབ་གྲྭ་ཁག་བརྒྱད་ཀྱི་འཛིན་རིམ་བདུན་པ་དང་
བརྒྱད་པའི་སློབ་ཕྲུག་ཚོས་ཚད་མ་རིག་པའི་རྩོད་པ་འགྲན་བསྡུར་བྱས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་སྒྲུབ་བརྒྱུད་
བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཡོད། ཉིན་གསུམ་པར་སློབ་གྲྭའི་ཁང་
ཚན་དང་རུ་ཁག་སོ་སོ་ནས་རྒྱུགས་མཆོང་འཕེན་གསུམ་སོགས་ལུས་རྩེད་ཀྱི་རྣམ་གྲངས་མང་པོ་འགྲན་བསྡུར་བྱས་
ཡོད་ལ། སྐུ་མགྲོན་གཙོ་བོར་ཀང་ར་རྫོང་གི་རྫོང་དཔོན་ཆེད་ཕེབས་གནང་ཡོད།

ཉིན་དང་པོའི་དབུ་འཛུགས་མཛད་སྒོའི་སྟེང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་
གནང་དོན། ངྷ་ཞོལ་བོད་ཁྱིམ་སློབ་གྲྭ་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་མང་པོའི་ནང་ནས་འབུར་དུ་
ཐོན་པའི་དམིགས་བསལ་ཁྱད་ཆོས་ཅན་ཞིག་ལ་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད། གཞན་པའི་རོགས་ཚོགས་
དང་སྤྱི་ཚོགས་ལ་བརྟེན་མི་དགོས་པར་སློབ་ཕྲུག་གི་ཕ་མ་སོ་སོའི་ངོས་ནས་འགྲོ་སོང་བཏང་སྟེ། རང་སྐྱ་འཕེར་བའི་
བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་དེ་ཆགས་ཡོད། ད་རེབ་ངྷ་ཞོལ་སློབ་གྲྭ་བཙུགས་ཏེ་མི་ལོ་ ༢༥ འཁོར་བའི་དུས་
དྲན་སྲུང་གཙི་བྱེད་ཀྱིན་ཡོད་ལ། བཙན་བྱོལ་བོད་མི་ཡུལ་གྱར་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག་
ཀྱང་ཆགས་ཡོད། ང་ཚོས་ལོ་གྲངས་ངེས་ཅན་ལྟར་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་པ་འདི་ཡང་རྒྱབ་མདུན་གཉིས་
ཀར་བལྟས་ཏེ། ལེགས་ཉེས་ཅི་བྱུང་ཡོད་མེད་ལ་བསྐྱར་ཞིབ་བྱས་ཤིང་། མ་འོངས་པར་སྙིགས་དོར་བཅུད་ལེན་གྱིས་
འཆར་གཞི་ཡག་པོ་གཏོང་རྒྱུ་དང་། ཐབས་ལམ་ཡང་དག་པ་ཅིག་འཚོལ་རྒྱུའི་ཆེད་དུ་དུས་དྲན་སྲུང་གཙི་བྱེད་ཀྱིན་
ཡོད། དེར་བརྟེན། མ་འོངས་པར་བོད་པའི་འཕྲལ་ཕུགས་རྒྱང་གསུམ་ལ་མཁོ་བའི་ཤེས་ཡོན་ཅི་འདྲ་ཞིག་བསྐྲུན་ཐུབ་
མིན་ཐད། དགོངས་པ་བཞེས་རྒྱུ་དང་ཉམས་ཞིབ་བྱ་རྒྱུའི་དུས་ཚོད་གལ་ཆེན་ཞིག་ཏུ་སླེབས་ཡོད། ཅེས་དང་། སློབ་ཕྲུག་
ཚོའི་ངོས་ནས་གོ་སྐབས་དམ་འཛིན་གྱིས་སློབ་གཉེར་བྱ་དགོས། སློབ་གྲྭ་འཛིན་རིམ་བཅུ་གཉིས་དང་མཐོ་སློབ་ཐོན་
སྐབས། སློབ་སྦྱོང་ཐོན་ཟིན་པའི་བསམ་བློ་འཁྱེར་མི་རུང་། སློབ་སྦྱོང་གི་དམིགས་ཡུལ་འཛིན་སྐབས། རང་ཉིད་ཀྱི་རིགས་
སྟོབས་དང་རྣམ་དཔྱོད་ཀྱི་ཐོག་ནས་ཉམས་ཞིབ་བརྒྱུད་དེ། སྔོན་མ་སྦྱང་མྱོང་མེད་པའི་ཤེས་བྱ་དག་ལ་སློབ་སྦྱོང་བྱས་པ་
ཡིན་ན། ད་གཟོད་སློབ་སྦྱོང་ངོ་མ་དེ་མགོ་ཚུགས་ཀྱིན་ཡོད་པ་རེད། ཅེས་གསུངས་སོང་།
ཕྱི་ཚེས་ ༡༡ ཉིན་སློབ་གྲྭ་ཁག་བརྒྱད་ཀྱི་འཛིན་རིན་བདུན་པ་དང་བརྒྱད་པའི་སློབ་མ་དག་གིས་བོད་པའི་སྲོལ་རྒྱུན་ཚད་
མ་རིག་པའི་རྩོད་པ་འགྲན་བསྡུར་གནང་སྟེ། ཨང་དང་པོ་ངྷ་ཞོལ་སློབ་གྲྭ་དང་ཨང་གཉིས་པ་གྷོ་པ་པིར། ཨང་གསུམ་པ་
ངྷ་སྟེང་བོད་ཁྱིམ་བཅས་སུ་ཐོབ་ཡོད་ལ། འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭའི་ཤེས་ཡོན་ལོ་རྒྱུས་ཐོག་སྔར་མེད་ཟིན་
ཐོ་གསར་བ་ཞིག་ཆགས་ཡོད། ཚད་མའི་རྩོད་པ་མཇུག་རྫོགས་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་བཤད་
གནང་དོན། རྒྱ་གར་ལུང་པར་ཡོད་བསྡད་པའི་སློག་གྲྭ་ཁག་བརྒྱད་ཀྱིས་དེ་རིང་འདིར་ཆེས་ཐོག་མར་ཚད་མ་རིག་པའི་
རིག་ལམ་རྩོད་པ་འགྲན་བསྡུར་དབུ་བརྙེས་པ་དེ་ཤེས་ཡོན་སློབ་སྦྱོང་གི་ཐོག་ལ་ལེའུ་གསར་བ་ཞིག་དང་གོ་སྐབས་གསར་
བ་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། འདི་བརྒྱུད་དེ་སློབ་ཕྲུག་ཚོའི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱུ་
མཚན་དང་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་མ་གཏོགས་དད་མོས་རྐྱང་རྐྱང་གི་ཐོག་ནས་འགྲོ་བ་ཞིག་
མིན་པ་ངོས་འཛིན་ཐུབ་པ་དང་། དེ་བཞིན་སློབ་ཕྲུག་ཚོའི་རྒྱུན་ལྡན་གྱི་བསམ་བློའི་གོ་རྟོགས་དང་རིགས་སྟོབས་གོང་
འཕེལ་འགྲོ་བར་ཡང་ཁྱད་པར་ཆེན་པོ་ཡོང་གི་རེད་བསམ་ཡོད། སྔོན་མ་ངའི་ངོ་ཤེས་ཤིག་གིས་བོད་ཨ་མདོའི་ལུང་པ་ཞིག་
ལ་སློབ་གྲྭ་ཞིག་བཙུགས་ཡོད་ས་རེད། དེའི་ནང་གི་སློབ་མ་ཚོར་རིགས་ལམ་རྟགས་གསལ་གྱི་སློབ་ཚན་ཡོད་རེད། ཁོང་ཚོའི་
ཡིག་རྒྱུགས་འཕྲོད་པ་དང་། གནས་ཚུལ་གང་ཅིའི་ཐད་སྤྱིར་བཏང་གི་སློབ་གྲྭ་ཁག་གི་སློབ་མ་དང་མི་འདྲ་བར་རིག་པ་མྱུར་
བ་དང་ཤེས་ཡོན་གྱི་སྦྱང་འབྲས་ཡག་པོ་འདུག་ཟེར། ཞེས་དང་།

ཁྱེད་ཅག་གིས་གསར་དུ་མགོ་བཙུགས་པ་ཞིག་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ག་དུས་ཡིན་ནའང་། ནང་
ཆོས་དེ་དགོན་སྡེ་གྲྭ་ཚང་གཅིག་པུས་བདག་པོ་བརྒྱབས་ཏེ། འཛིན་སྐྱོང་བྱས་འདུག་རྒྱུ་ཞིག་མ་ཡིན་པར་མང་ཚོགས་ནང་
རྒྱ་གང་ཆེའི་ཐོག་ནས་གོ་རྟོགས་ཡོང་རྒྱུ་དང་། ཐོས་བསམ་སྒོམ་གསུམ་ཉམས་ལེན་བྱ་རྒྱུ་ཞིག་བྱུང་ན། དེ་ང་ཚོའི་ཕན་
བདེའི་རྩ་བར་འགྱུར་ཐུབ་པ་ཅིག་དང་། བོད་པའི་རིག་གཞུང་མི་ཉམས་གོང་འཕེལ་ཡོང་རྒྱུར་དགེ་མཚན་ཆེན་པོ་ཡོད།
ཅེས་ཡང་ཡང་གསུང་གིན་ཡོད་པ་རེད། དེར་བརྟེན། ཁྱེད་ཅག་ཚང་མའི་ངོས་ནས་ཧ་ཅང་སེམས་ཤུགས་བསྐྱེད་དང་། བླ་
མའི་དགོངས་པ་བཀའ་བཞིན་སྒྲུབ་པ་ཞིག་ལ་ང་རང་གིས་མཐོང་གི་ཡོད། དེ་འདྲ་ཡིན་དུས་ལས་རིམ་འདིའི་ཐད་འགན་
འཁུར་མཁན་མི་སྣ་ཚོ་དང་། དེ་བཞིན་སློབ་ཕྲུག་ཚོས་ངོས་ནས་ཀྱང་། དུས་ཚོད་བཏང་སྟེ་ལུས་ངག་ཡིད་གསུམ་གྱི་ཐོག་
ནས་འབད་པ་བྱས་པ་དེ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་ཕྱི་རོལ་མི་སྟེགས་པའི་ཚད་མའི་གཞུང་སོགས་ལ་སྦྱོང་གལ་ཆེ་སྐོར་གསུངས་དོན། སྤྱིར་བཏང་ཚད་
མའི་གཞུང་འདི་ནང་པའི་ཆོས་ཡིན་མིན་གྱི་རྩོད་པ་ཞིག་སྔོན་མ་ནས་ཡོང་བསྡད་ཡོད་ས་རེད། ཕྱིས་སུ་རྒྱ་གར་མཁས་
དབང་མང་པོ་ཞིག་གིས། ཚད་མ་ཟེར་བ་དེ་གྲུབ་མཐའི་བར་བགྲོ་གླེང་དང་རྩོད་པ་བྱས་ཏེ། རིམ་གྱིས་དར་བ་ཞིག་རེད་མ་
གཏོགས་ནང་པའི་གཞུང་དུ་སངས་རྒྱས་ཀྱིས་གསུངས་བཞག་པ་ཞིག་མ་རེད་ཟེར་གྱིན་ཡོད། གང་ལྟར། ཚད་མའི་གཞུང་
འདི་ཕྱི་ནང་ཐུན་མོང་གི་གཞུང་ཞིག་ཏུ་གྲུབ་སྟེ། ཕྱི་རོལ་མི་སྟེགས་པ་དེ་ཚོ་ཡིན་ནའང་ཚད་མའི་གཞུང་ཧ་ཅང་གི་གཏིང་
ཟབ་པོ་ཡོད་ས་རེད། འོན་ཀྱང་། ང་ཚོས་ཕྱོགས་རེ་བ་ཙམ་ལས་ཁོང་ཚོའི་གཞུང་ངོ་མ་ཞིག་ལ་སློབ་སྦྱོང་བྱ་ཐུབ་ཀྱིན་ཡོད་
པ་མ་རེད། ༧གོང་ས་མཆོག་གི་དགོངས་པ་ཅི་བཞིན་བསྒྲུབ་ཆེད། མ་འོངས་པར་ག་ལེར་མི་སྟེགས་པའི་གཞུང་དེ་ཚོ་ཡིན་
ནའང་བལྟ་དགོས་པ་གལ་ཆེན་པོ་རེད། སྤྱིར་ནང་པའི་ཁྱབ་ཁོངས་སུ་གཏོགས་པའི་ཚད་མའི་གཞུང་མང་པོ་ཞིག་ཡོད་
ལ། ལྷག་པར་དུ་བོད་ལ་མཚོན་ན་ཚད་མའི་གཞུང་དར་སྲོལ་ཆེན་པོ་བྱུང་ཞིང་། ཚད་མར་རྐང་ཚུགས་པར་བྱས་ཏེ་གཞུང་
ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་པའི་ལམ་སྲོལ་བཟང་པོ་ཞིག་ཡོད། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐོས་
བསམ་བྱེད་སྟངས་ཤིག་ཆགས་ཡོད། ཅེས་དང་།
ངས་དེ་རིང་གི་གོ་སྐབས་འདི་དང་བསྟུན་སྟེ། ད་དུང་མུ་མཐུད་དེ་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་མང་པོ་ཞིག་བསྡད་
ཡོད་སྟབས། ཚང་མའི་ངོས་ནས་འབད་བརྩོན་གནང་རོགས། ཞེས་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་གསར་བ་རེད་དེ། ཞེ་དྲག་ཡག་
པོ་བྱུང་འདུག ང་ཧ་ཅང་དགའ་བོ་བྱུང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཚད་མ་རིག་པ་མགོ་བཙུགས་མ་ཐག
འདི་འདྲའི་ཡག་པོ་ཞིག་བྱུང་བ་ཡིན་ན། མ་འོངས་པར་ཡར་རྒྱས་འགྲོ་བར་རེ་བ་ཆེན་པོ་འདུག འོན་ཀྱང་། ང་ཚོའི་བོད་
པར་སྐྱོན་ཆ་ཞིག་ཡོད་པ་ནི། ལས་ཀ་གང་ཞིག་མགོ་འཛུགས་སྐབས། དྲ་ཆགས་པོ་དང་ཡག་པོ་ཡོད་ཀྱང་། དུས་ཚོད་གང་
འཚམ་ཕྱིན་སྐབས་མཐོང་རྒྱུ་མེད་པ་ཆགས་འགྲོ་བཞིན་ཡོད། ལས་གཞི་འདི་ཡང་དེ་འདྲ་ཆགས་པ་ཡིན་ན་བློ་ཕམ་པོ་
རེད། རྒྱ་གར་ནང་བོད་པའི་སློབ་གྲྭ་ཁག་མང་པོ་བཙུགས་ཡོད། དེ་དག་ནང་གཙོ་བོ་བོད་པའི་སྲོལ་རྒྱུན་ཆོས་དང་རིག་
སྦྱོང་ལ་སློབ་གཉེར་བྱ་རྒྱུ་དང་། དེ་དང་མཉམ་དུ་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱ་རྒྱུ་དེ་ཡིན། ཚད་མ་རིག་པ་འདི་
རིག་གཞུང་ལུགས་གང་དང་གང་ཞིག་སྦྱོང་ཡང་རྩ་བའི་ལག་ཆ་ལྟ་བུ་ཆགས་ཡོད། ཅེས་གསུངས་བྱུང་།
———
Back

