གསར་བཞེངས་ལེགས་འགྲུབ

2009-04-13 18:25

འཆི་མེད་དགའ་ཚལ་གླིང་གསར་བཞེངས་ལེགས་འགྲུབ་བྱུང་

འདོན་སྤེལ། ༢༠༠༩/༠༤/༡༣ དུས་བབ

རྒྱ་གར་ནང་བོད་པ་ཚོས་ལྷ་ཁང་གཙུག་ལག་ཁང་བཞེངས་པ་དེར་སྡེ་ཚན་གཉིས་ཡོང་གིན་འདུག གཅིག་དེ་བསླབ་པ་སློབ་གཉེར་བྱེད་མཁན་མང་དུ་ཕྱིན་ཞིང། ལྷ་ཁང་རྒྱ་བསྐྱེད་དགོས་པ་ཆགས་ཏེ་ལྷ་ཁང་བཞེངས་ཀྱིན་ཡོད་པ་གཅིག་དང། ཡང་རིགས་གཅིག་གིས་སྔོན་ལ་གཙུག་ལག་ཁང་རྫིག་པོ་ཞིག་བརྒྱབས་ཏེ། ངའི་འདིའི་ནང་དུ་སློབ་མ་ཡོང་རོགས་བྱོས་ཟེར་གྱིན་ཡོད། རིན་པོ་ཆེ་ཡི་ལྷ་ཁང་འདི་དེ་འདྲ་བོ་ཞིག་ཆགས་ཡོད། གཙུག་ལག་ཁང་སྔོན་ལ་བརྒྱབས་ཏེ་དགེ་འདུན་པ་འཚོལ་དུ་འགྲོ་དགོས་པ་ཆགས་ཡོད།

 Is

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འགྲམ་ནོར་བུ་གླིང་ཁར་རྙིང་མའི་བླ་ཆེན་སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་གསར་བཞེངས་བྱས་པའི་འཆི་མེད་དགའ་ཚལ་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་པར་གྲུབ་པའི་སྒོ་འབྱེད་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད་ལ། དེ་དང་སྟབས་བསྟུན་ཏེ་སྤྱི་ནོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞིག་ཀྱང་ཞུས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང༌། བཀའ་བློན་ཁྲི་ཚབ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་བཅས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན། རྒྱ་ནག་དང་ཐེ་ཝན། སོག་པོ། ཀོ་རི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྦྱིན་བདག་དང་སྐལ་ལྡན་སློབ་བུ་རྣམས་བཅས་སྐུ་མགྲོན་སྟོང་ཕྲག་ལྷག་ཕེབས་ཞུགས་གནང་ཡོད། སྐུ་མགྲོན་ཡོངས་བཞུགས་གྲལ་དུ་འཁོད་རྗེས་ཁམས་སྤྲུལ་དགོན་པས་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ།  ས་སྐྱའི་གདོང་སྲེས་མཆོག་གིས་མནྟལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། ཉིན་གུང་ཆུ་ཚོད་ ༡༢ སྟེང་སྐུ་མགྲོན་ཡོངས་ལ་གསོལ་ཚུགས་འདེགས་འབུལ་ཞུས་རྗེས་སྐྱབས་རྗེས་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ལས་བསྡོམས་རགས་བསྡུས་སྙན་སྒྲོན་ཞུས་ཤིང། བཀའ་བློན་ཁྲི་ཚབ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྐྱབས་རྗེས་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་མང་རིང་བོད་བསྟན་སྲིད་ཀྱི་དོན་དུ་ཕྱག་ལས་རླབས་པོ་ཆེ་གནང་ཡོད་པ་དང། ད་དུང་མུ་མཐུད་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཧུར་བརྩོན་ལྷོད་མེད་གནང་གལ་ཆེ་ཚུལ་ནན་གྱིས་གསུངས་སོང་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཀྱང་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་མཛད་བཟང་གི་རྣམ་ཐར་སྙིང་བསྡུས་དང་གཙུག་ལག་ཁང་གསར་བཞེངས་ལེགས་འགྲུབ་ཀྱི་རྟེན་འབྲེལ་ཞུ་ཚིག་སྒྲོག་སྦྱོང་གནང་སོང།

 Is

དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་གྱི་བཀའ་སློབ་བསྩལ་དོན། དེ་རིང་འདིར་ང་ཚོ་བཙན་བྱོལ་བ་ཆགས་ཏེ་དུས་ཚོད་གཉན་འཕྲང་ཞིག་གི་སྐབས་སུ་མཉམ་གཤིབ་ཀྱིས་དཀའ་ལས་བརྒྱབས་པའི་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་པར་གྲུབ་སྟེ། མཛད་སྒོའི་རྟེན་འབྲེལ་ལ་ཕེབས་པའི་སེར་སྐྱ་སྤྱི་དང། ལྷག་པར་དུ་སྦྱིན་བདག་རྣམ་པ་དང་སློབ་མ་མང་པོ་ཞིག་ཕེབས་ཡོད། རིན་པོ་ཆེ་མཆོག་གིས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབས་པའི་གྲུབ་དོན་གཙུག་ལག་ཁང་སྤུས་དག་པོ་ཞིག་གྲུབ་འདུག འདི་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་རྗེས་བཙན་བྱོལ་བ་གཞན་དང་མི་འདྲ་བར་རང་ཉིད་ལ་ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཞིག་ཡོད་ལ། དེ་དང་འབྲེལ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་ཅིག་ལོགས་སུ་ཡོད། སྐད་ཡིག་དེའི་ནང་རིག་པའི་གནས་ལྔ་ཡོད་པའི་རིག་གནས་ཕྱུག་པོ་ཞིག་ཆགས་ཡོད། བོད་ཀྱི་རིག་གནས་དེ་འཛམ་གླིང་སྟེང་གལ་ཆེན་པོ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྟབས། ང་ཚོ་བཙན་བྱོལ་དུ་གནས་བའི་རིང་ལ། བཙན་བྱོལ་བའི་ལས་ཀ་སྤྱི་ཡོངས་ཀྱི་ཐོག་ལ་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་འདིར་བདག་པོ་ཡག་པོ་ཞིག་རྒྱག་རྒྱུ་དང། སྤུས་དག་པོ་ཞིག་བཟོ་རྒྱུ་ལས་འགན་ཆགས་ཡོད།

 Is

ཁམས་སྤྲུལ་རིན་པོ་ཆེ་རྙིང་མའི་ཆོས་རྒྱུན་འཛིན་མཁན་ཞིག་ཆགས་ཡོད། ཁོང་རིས་སུ་མ་ཆད་པའི་བསྟན་པ་ལ་བསམ་པ་རྣམ་དག་གནང་མཁན་ཞིག་རེད། སྔོན་མ་རིན་པོ་ཆེ་ཡིས་གཙུག་ལག་ཁང་གི་ཉེ་འགྲམ་ཞིག་ལ་ལྷ་ཁང་ཞིག་བཞེངས་རྒྱུའི་ཐུགས་རེ་གནང་སོང། སྐབས་དེར་ངས་མོ་བརྒྱབས་པ་ཡིན། མོ་ཡག་པོ་བབ་སོང༌། ངས་མོ་ཡག་པོ་འདུག་ལས་ཀ་མགོ་འཛུགས་རོགས། ཞེས་བཤད་པ་ཡིན། ད་ལྟ་གཙུག་ལག་ཁང་ཡག་པོ་ཞེ་དྲག་བྱུང་འདུག སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་རང་གི་རྒྱུད་ལ་བལྟ་དགོས་པ་རེད། མདོ་རྒྱུད་ཀྱི་གཞུང་དག་ལ་བསླབ་པ་སློབ་གཉེར་གནང་དགོས་པ་རེད། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྒྱུད་ལ་རྟོགས་པ་སྐྱེ་ཆེད་དང། མཐར་ཐུག་རྣམ་འདྲེན་རྒྱལ་བའི་གོ་འཕང་ཐོབ་ཆེད་རེད། སློབ་གཉེར་གནང་མཁན་ཚོའི་གྲུབ་དོན་དེ་ཡང་རང་གི་རྒྱུད་འདུལ་ཐུབ་པ་ཞིག་དགོས་པ་རེད། དེ་འདྲའི་མི་གཅིག་ནས་བཅུ། བཅུ་ནས་བརྒྱ་བྱུང་བ་ཡིན་ན་བསྟན་པ་རྒྱས་པ་ཟེར་བ་དེ་ཡོང་གིན་ཡོད། ལུང་རྟོགས་ཀྱི་ཡོན་ཏན་མཛུབ་མོ་འཛུགས་ས་ཞིག་རང་རྒྱུད་དུ་མེད་པ་ཡིན་ན། ཕྱི་ལོགས་སུ་རྒྱས་སྤྲོས་ཅི་ཙམ་ཡོད་ཀྱང་བསྟན་པ་རྒྱས་པ་ཟེར་བ་དེ་བཤད་ཁག་པོ་ཞིག་ཆགས་ཡོད། ཅེས་གསུངས་སོང།

 Is

ཡང་ཁོང་གིས་གཙུག་ལག་ཁང་ལ་རྒྱུ་དངོས་ཀྱི་རོགས་སྐྱོར་གནང་མཁན་སྦྱིན་བདག་རྣམས་ལ་གསུངས་དོན། དེ་རིང་འདིར་ཕེབས་པའི་ཁྱེད་ཅག་སྦྱིན་བདག་རྣམ་པ་ཚོར་མཚོན་ན། སློབ་གྲྭ་དང་འཕྲོད་བསྟེན་སོགས་ལ་སྦྱིན་བདག་བྱས་ན་ཡག་པོ་རེད་དེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་སྦྱིན་བདག་བྱས་པ་འདི་ནི། རང་ཉིད་ཁོ་ནའི་ཚེ་འདིའི་ཟང་ཟིང་གི་ཕན་བདེ་ཙམ་མ་ཡིན་པར། སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཕུགས། མཐར་ཐུག་རྣམ་འདྲེན་རྒྱལ་བའི་གོ་འཕང་ཐོབ་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབ་ཡོད། ལྷག་པར་དུ་ཁྱེད་ཅག་གིས་གང་ཐུབ་ཐུབ་ཀྱིས་རྟེན་འབྱུང་དེ་ཁོ་ན་ཉིད་ཟེར་བ་དེར་བསམ་བློ་བཏང་སྟེ། བྱམས་པ་དང་རྙིང་རྗེ་ཉམས་ལེན་བྱ་ཐུབ་པ་བྱུང་ན། དངོས་གནས་བསྟན་པའི་སྦྱིན་བདག་མིང་དོན་མཚུངས་པ་ཞིག་ཡོང་གིན་ཡོད། ད་ལྟ་ཟང་ཟིང་རྒྱུ་དངོས་ཀྱི་འབྲེལ་བ་རེད། རིམ་གྱིས་ཆོས་ཀྱི་འབྲེལ་བ་བྱུང་ན་ཡག་པོ་རེད། སངས་རྒྱས་པའི་ཆོས་འདི་དད་པ་གཅིག་པའི་སྐད་ཆ་མ་རེད། དད་པ་དེ་ཤེས་རབ་ཀྱི་གྲོགས་སུ་འགྱུར་བའི་དད་པ་ཞིག་ཡིན་དགོས། ཞེས་གསུངས་སོང་

 

མཇུག་མཐར་༧གོང་ས་མཆོག་གིས་བོད་པ་ཚོས་རྒྱ་གར་ནང་ལྷ་ཁང་བཞེངས་སྟངས་གཉིས་ཡོད་སྐོར་གསུངས་དོན། ངས་སྔོན་མ་རྫོང་གསར་བཤད་གྲྭའི་མཛད་སྒོ་ཞིག་གི་སྐབས་སུའང་བཤད་རྒྱུ་བྱུང། རྒྱ་གར་ནང་བོད་པ་ཚོས་གཙུག་ལག་ཁང་བཞེངས་པ་དེར་སྡེ་ཚན་གཉིས་ཡོང་གིན་འདུག གཅིག་དེ་བསླབ་པ་སློབ་གཉེར་བྱེད་མཁན་མང་དུ་ཕྱིན་ཞིང། ལྷ་ཁང་རྒྱ་བསྐྱེད་དགོས་པ་ཆགས་ཏེ་ལྷ་ཁང་བཞེངས་ཀྱིན་ཡོད་པ་ཁག་གཅིག་དང། ཡང་རིགས་གཅིག་གིས་སྔོན་ལ་གཙུག་ལག་ཁང་རྫིག་པོ་ཞིག་བརྒྱབས་ཏེ། ངའི་འདིའི་ནང་དུ་སློབ་མ་ཡོང་རོགས་བྱོས་ཟེར་གྱིན་ཡོད། རིན་པོ་ཆེ་ཡི་ལྷ་ཁང་འདི་དེ་འདྲ་བོ་ཞིག་ཆགས་ཡོད། གཙུག་ལག་ཁང་སྔོན་ལ་བརྒྱབས་ཏེ་དགེ་འདུན་པ་འཚོལ་དུ་འགྲོ་དགོས་པ་ཆགས་ཡོད། འོན་ཀྱང། གསང་སྔགས་ནང་དུའང་རྟེན་དཀྱིལ་འཁོར་དེ་སྔོན་ལ་བསྒོམས། དེ་ནས་བརྟེན་པ་ལྷ་ཚོགས་དེ་རྗེས་སུ་གསལ་བ་ཞིག་ཡིན། འཛམ་གླིང་ཆགས་པའི་སྐབས་སུའང་སྔོན་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས། རྗེས་སུ་ནང་བཅུད་ཀྱི་སེམས་ཅན་ཆགས་ཡོད། རིན་པོ་ཆེ་ཡིས་ཀྱང་གཙུག་ལག་ཁང་རྟེན་དང་བཅས་པ་སྔོན་ལ་བཞེངས། དེ་ནས་སློབ་གཉེར་གནང་མཁན་གྱི་དགེ་འདུན་པ་ཤར་ཕྱོགས་ནས་ཡོང་གིན་འདུག་གམ། ལྷོ་ཕྱོགས་ནས་ཡོང་གིན་འདུག་གཞི་ནས་བལྟ་དགོས་པ་ཆགས་ཡོད། ཏན་ཏན་མང་པོ་ཡོང་གི་རེད་བསམ་གྱིན་འདུག གང་ཡིན་ཟེར་ན། བཞུགས་སྒར་གྱི་འཁྲིས་སུ་ཡོད་ལ། རྒྱུད་སྟོད་དང་བཙུན་དགོན་ཡང་ཉེ་སར་ཡོད་པ་རེད། འདིར་བོད་ཀྱི་རིག་གནས་ཧ་ལམ་ཆ་ཚང་པ་ཞིག་སློབ་གཉེར་བྱ་རྒྱུ་བྱུང་ན་ཧ་ཅང་ཡག་པོ་རེད་བསམ་གྱིན་འདུག མཐའ་དོན་རིན་པོ་ཆེ་ཡི་སྐུ་ལ་འཕྲོད་བཞེས་གནང་རྒྱུ་གལ་ཆེན་པོ་རེད། ད་བར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་མང་པོ་སྐྱོན་ཡོད་ལ། ད་དུང་ཡུན་རིང་པོར་བཞུགས་རྒྱུར་ཐུགས་ཀྱི་འདུན་པ་གཏོང་དགོས་པ་རེད། ངས་ཀྱང་སྨོན་ལམ་རྒྱག ཅེས་གསུངས་སོང།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།