གཉེན་སྒྲིག

26/10/2009 11:32

གཉེན་སྒྲིག་དང་ཁྱིམ་ཚང་།

གཉེན་སྒྲིག་དང་ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་འཚོ་བའི་གཞི་རྩའི་ནང་དོན་དང་སྒྲིག་འཛུགས་ཀྱི་རྣམ་པ་ཞིག་ཡིན་པས་

དེ་ནི་དཔལ་འབྱོར་རྨང་གཞི་དང་སྤྱི་ཚོགས་ཀྱི་ལམ་ལུགས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན། བོད་དུ་གཉེན་སྒྲིག་ལམ་

ལུགས་ཅུང་རྙོག་འཛིང་ཆེ་བ་ཡོད་དེ་ཁྱོ་གཅིག་ཤུག་གཉིས་ལམ་ལུགས་ཀྱིས་གཙོ་བོ་བྱས་ཐོག་ད་དུང་ཁྱོ་གཅིག་ལ་

མནའ་མ་གཉིས་གསུམ་དང་བུད་མེད་གཅིག་ལ་མག་པ་གཉིས་གསུམ་ཡོད་པ་དང་འབྲེལ་བུ་སྤུན་རྒན་པ་འདས་རྗེས་

སྤུན་ཆུང་བས་ཨ་ཇོའི་ཆུང་མ་དང་མཉམ་དུ་སྡོད་པ་སོགས་ཀྱི་གནས་ཚུལ་ཡང་ཡོད། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་དུ་སྤྱི་ཚོགས་ལམ་ལུགས་ཀྱིས་རྐྱེན་པས་གཉེན་སྒྲིག་བྱེད་ལུགས་ཐད་དུད་

ཚང་ཕན་ཚུན་དབར་གྱི་གནས་བབ་དང་བསྟུན་དགོས་ལུགས་མཚོན་པ་དཔེར་ན། དབང་སྒྱུར་གྲལ་རིམ་དང་དབང་

སྒྱུར་མྱོང་མཁན་གྲལ་རིམ་དབར་གཉེན་སྒྲིག་བྱས་མི་ཆོག་ཅིང་། མངའ་བདག་དང་མངའ་བདག་གཉེན་ཉེ་སྒྲིག་པ་

དང་། མི་སེར་དཀྱུས་མ་དང་དཀྱུས་མ་ཕན་ཚུན་གཉེན་ཉེ་སྒྲིག་པ་རེད། དེ་ཡང་གྲལ་རིམ་གཅིག་པ་ནང་ཁུལ་དུའང་

རིགས་རུས་གཙང་མིན་གྱི་དབྱེ་བ་འབྱེད་སྲོལ་ཡོད། བཀས་བཀོད་རྒྱུད་འཛིན་གྱི་རིམ་པ་དབྱེ་བའི་ཤུགས་རྐྱེན་ངན་

པའི་འོག་མགར་བ་དང་། བཤན་པ། རྔོན་པ་སོགས་མཆོག་དམན་བར་གསུམ་དང་རབ་འབྲིང་དགུ་ལ་དབྱེ་བའི་ནང་

ནས་མཐའ་གྲས་རིགས་རུས་ནག་པོར་བརྩིས་ཏེ་མི་སེར་དཀྱུས་མ་དང་ཡང་གཉེན་སྒྲིག་བྱས་མི་ཆོག ད་དུང་རུས་རྒྱུད་

ཉེ་རིགས་དབར་གཉེན་སྒྲིག་བྱས་ན་འཕྱ་སྨོད་བྱེད་པའམ་ཡང་ན་ཉེས་ཆད་ཀྱང་ཕོག་པ་ཡིན།
    བོད་ཀྱི་གཉེན་སྒྲིག་གི་རྣམ་པའི་ཐད་གཅིག་ནི་ཁྱོ་གཅིག་ཤུག་གཅིག་གི་ལུགས་སྲོལ་གཙོ་བོ་བྱེད་པ་དེ་བུར་མནའ་

མ་བླངས་ནས་ཁྱིམ་གཞིས་འཛིན་པ་ཡིན་ཡང་བུ་རྒན་གཞོན་གཉིས་གསུམ་ཙམ་ཡོད་པའི་ཁྱིམ་ཚང་ཞིག་ལ་མཚོན་

ན། བུ་རྒན་གཞོན་གསུམ་པོ་གང་རུང་ཞིག་ལ་མནའ་མ་བསུས་ཏེ་ཁྱིམ་ཚང་གཞན་ལ་མག་པར་སྟེར་སྲོལ་ཡོད། གཉིས་

ནི་བཟའ་གསུམ་སྒྲིག་སྲོལ་ཡིན་པས་དེ་ནི་གྲོང་གསེབ་ཏུ་ཅུང་ཁྱབ་ཆེ་ཞིང་།    དེ་ཡང་བུ་སྤུན་རྒན་གཞོན་གཉིས་ལ་

མནའ་མ་གཅིག་ལེན་པའམ་ཡང་ན་བུ་མོ་སྤུན་མཆེད་གཉིས་ལ་མག་པ་གཅིག་ལེན་པ་དེ་ཡིན། དེ་ནི་དཔལ་འབྱོར་

གྱི་རྒྱུ་རྐྱེན་ལ་བསམས་ཏེ་ཁྱིམ་གཞིས་དེའི་དཔལ་འབྱོར་ཆ་གསེས་མང་པོར་གཏོང་མི་དགོས་པར་གཅིག་སྡུད་དུ་གནས་

ཕྱིར་ཡིན། གསུམ་ནི་ཁྱོ་གཅིག་ལ་བཟའ་མོ་ཁ་ཤས་ཡོད་པའི་རིགས་ཤིག་ཡིན་པས་དེ་ནི་མངའ་བདག་དང་། ཚོང་པ་

ཆེ་གྲས་དང་། ཡུལ་དཔོན་བཅས་ཀྱི་ཁྲོད་དུ་མང་། དེའི་རྒྱུ་རྐྱེན་ནི་ཆབ་སྲིད་ཀྱི་དགོས་དབང་ཡིན་པ་དཔེར་ན། ཡུལ་

དཔོན་ནས་ཡུལ་སྡེ་གཞན་ནས་བླངས་པ་ཡིན་སྟབས་དེ་དང་གཉེན་འབྲེལ་བཙུགས་ནས་རིམ་བཞིན་རང་ཉིད་ཀྱི་

སྟོབས་ཤུགས་ཁྱབ་ཁོངས་ཇེ་ཆེར་གཏོང་ཕྱིར་ཡིན། གཞན་ཡང་ཇོ་ཇོའི་ཚེ་ལ་བར་ཆད་བྱུང་རྗེས་ཇོ་ཇོའི་བཟའ་ཟླ་

སྤུན་གཞོན་ཁས་བསྟེན་པའམ་སྤུན་གཞོན་པའི་ཚེ་ལ་བར་ཆད་བྱུང་རྗེས་དེའི་བཟའ་ཟླ་ཇོ་ཇོས་བསྟེན་པའང་ཡོད།

དེ་ནི་ཁྱིན་ཚང་གི་གྲུབ་གཞི་དང་འདས་པོའི་བུ་ཕྲུག་ལ་མི་མཐུད་སྒབ་སྐྱོང་ཐོབ་ཕྱིར་ཡིན། བོད་རིགས་ཀྱི་གཉེན་

སྒྲིག་དབང་ཆ་གཙོ་བོ་ཕ་མའི་ལག་ཏུ་ཡོད། གང་ལགས་ཤེ་ན་དེ་སྔ་ནས་རིགས་རུས་འདེད་པ་དང་། རྒན་པོའི་ཁ་

ཆེམས། ལས་སྐལ་ཡོད་མེད་སོགས་ལ་བསྟེན་དགོས་སྟབས་གཞོན་ནུ་ཕན་ཚུན་བརྩེ་དུང་ཆགས་ཡོད་ཀྱང་གཉེན་སྒྲིག་

བྱེད་ཐུབ་པའི་ངེས་པ་མེད། གཉེན་སྒྲིག་བྱེད་པའི་གོམས་སྲོལ་འགྲོ་ལུགས་ས་གནས་སོ་སོར་ཁྱད་པར་ཡོད་ཀྱང་སྤྱིར་

བཏང་གི་འགྲོ་ལུགས་ནི་གཉེན་སྒྲིག་བྱ་རྩིས་སྐད་ཆ་འབྱུང་མཚམས་འོས་མིན་མོ་ལུང་རྟགས་ཞུས་རྗེས་སློང་ཆང་

གཏོང་བ་ཡིན། དེ་རྗེས་གཉེན་སྒྲིག་བྱེད་པའི་ཟླ་ཚེས་གཏན་འཁེལ་བྱེད་པ་བཅས་ཡིན། སློང་ཆང་གཏོང་བའི་ཉིན་

ཇ་ཆང་ཁ་བཏགས་དང་ནུ་རིན་དངུལ་དོད་སོགས་ཕུལ་ནས་གཉིས་མོས་བྱུང་རྗེས་གཟའ་སྐར་དགེ་འཕྲོད་ཀྱི་ཚེས་

ཆ་གཏན་འཁེལ་གྱིས་བག་མ་འམ་མག་པ་བསུ་ལེན་བྱེད་པ་ཡིན། གཉེན་སྒྲིག་མཛད་སྒོའི་ཉིན་མག་པའམ་བག་མ་

ཁྱིམ་དུ་བསུས་ནས་བཞུགས་གྲལ་དུ་འཁོད་རྗེས་དགའ་ཉེ་བློ་དཀར་རྣམས་ཀྱིས་ཁ་བཏགས་དང་སྐྱེས་འབུལ་དངོས་

རིགས་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་ཞུ། དེ་ཉིན་ཞིམ་པའི་ཇ་ཆང་དང་སྙན་པའི་གླུ་གར་སོགས་ལ་གང་འདོད་

རོལ་ཞིང་། གཉེན་སྒྲིག་གི་གསོལ་སྟོན་གང་རྒྱས་གཤོམ་པ་ཡིན། མནའ་མ་བསུ་སྐབས་དེར་བག་གཡོག་ཅེས་པའི་བུད་

མེད་ན་སོ་ཅུང་རྒན་པ་ཞིག་གིས་མནའ་མའི་ངོ་ཚ་སྒྲིབ་རོགས་ལྟ་བུ་གཙོ་བོ་བྱེད་མཁན་ཞིག་དགོས་པས་དེས་གཉེན་

སྒྲིག་རྟེན་འབྲེལ་གྱི་མཛད་སྒོ་གྲོལ་བའི་རྗེས་ཀྱི་ཉིན་ཤས་རིང་མནའ་མར་རོགས་པ་བྱས་ནས་སྡོད་པ་དང་བག་གཡོག་

དེ་རང་ཁྱིམ་དུ་ཕྱིར་ལོག་མཚམས་གཞི་ནས་གཉེན་སྒྲིག་གི་མཛད་ཡོངས་སུ་མཇུག་འགྲིལ་བ་ཡིན། གོང་དུ་ཞུས་པའི་

གཉེན་སྒྲིག་བྱེད་སྟངས་དེ་རིགས་གཙོ་བོ་གྲོང་ཁྱེར་རམ་གྲོང་གསེབ་ཏུ་དུས་ཚང་འཚོ་བ་གྲ་འགྲིག་ཙམ་གྱི་ཁྲལ་པ་

རྣམས་ཀྱི་གནས་ཚུལ་ཡིན་ཞིང་། ཞིང་པ་བྲན་གཡོག་གི་གཉེན་སྒྲིག་བྱེད་སྟངས་ནི་གནས་ཚུལ་གཞན་ཞིག་ཡིན། གང་

ཡིན་ཞེ་ན་ཞིང་བྲན་ལ་མི་ལུས་རང་དབང་མེད་སྟབས་གཉེན་སྒྲིག་བྱེད་དུས་སྔོན་ལ་རང་གི་དཔོན་ནམ་ཡང་ན་སྦྱིན་

བདག་ལ་ཇ་ཆང་ལ་སོགས་པའི་འབུལ་བ་བཏེགས་ནས་དགོངས་སྐོར་བཀའ་ཁྲོལ་བྱུང་མཚམས་གཞི་ནས་གཉེན་སྒྲིག་

བྱས་ཆོག གལ་ཏེ་གཉེན་སྒྲིག་བྱེད་མཁན་ཕོ་མོ་གཉིས་དཔོན་ཁུངས་གཅིག་མིན་ཚེ་རང་རང་སོ་སོའི་དཔོན་པོའམ་

སྦྱིན་བདག་གི་མོས་པ་ཐོབ་དགོས། དེ་ལྟར་མ་ཡིན་ཚེ་ཞིང་བྲན་དེ་གཉིས་ལ་བྱུང་བའི་ཕྲུ་གུ་ནི་བུ་ཕ་བདག་དང་བུ་མོ་

མ་བདག་ཅེས་གཉིས་ལ་བྱུང་བའི་ཕྲུ་གུ་ཕ་བདག་དང་བུ་མོ་མ་བདག་ཅེས་ཁོ་གཉིས་ཁ་ཕྲལ་ནས་ནམ་ཡང་མཉམ་

དུ་ཁྱིམ་གཞིས་འཛུགས་སུ་འཇུག་པ་མིན། བཟའ་ཚང་ཁ་བྲལ་བའི་རིགས་ཀྱང་རྟག་ཏུ་ཐོན་ཞིང་།    དེ་ཡང་ཕྱོགས་

མང་པོའི་རྒྱུ་རྐྱེན་ཡོད་པ་དཔེར་ན།      བཟའ་མི་གཉིས་བྱ་ལུགས་སྤྱོད་ལུགས་མི་མཐུན་པའམ་ཡང་ན་ཅིག་ཤོས་ལ་

ནད་ཡོད་པ།   ཡང་ན་ཕྱོགས་གང་རུང་ཞིག་ལ་ཁྱིམ་ཚང་འཛིན་པའི་འཇེམ་ཐང་མེད་པ་ལ་སོགས་པའི་རྒྱུ་རྐྱེན་ལ་

ཐུག་ནས་ཁ་བྲལ་བ་རེད།    ཁ་བྲལ་བའི་འགྲོ་ལུགས་ཤིན་ཏུ་སྟབས་བདེ་ཡིན་པ་ནི་གལ་ཏེ་བུད་མེད་ཀྱིས་ཁ་བྲལ་

དགོས་ཡོད་ཅེས་བཤད་ཚེ་ཁྱོ་གའི་ཕྱོགས་ནས་གུན་གསབ་སོགས་གང་ཡང་སྤྲོད་མི་དགོས་པ་དང་། བུད་མེད་ཀྱིས་

རང་ཉིད་མནའ་མར་ཡོང་དུས་ཀྱི་དངོས་སྐལ་རྣམས་ཁྱེར་ནས་ཕྱིན་ན་འགྲིག གལ་ཏེ་ཁྱོ་གས་ཁ་བྲལ་རྒྱུའི་རེ་བ་

བཏོན་ཚེ་བུད་མེད་ཀྱི་ཕྱོགས་ནས་སྤྲད་པའི་རྒྱན་གོས་ཚང་མ་ཕྱིར་སྤྲོད་བྱེད་དགོས་པས་མ་ཚད། ད་དུང་གུན་གསབ་

ཡང་ངེས་གཏན་ཞིག་སྤྲོད་དགོས། ཕྲུ་གུ་བུ་ཕ་བདག་དང་བུ་མོ་མ་བདག་གི་རྩ་དོན་ལྟར་ཁྲིད་དེ་སོ་སོར་འདོད་པའི་

བཟའ་ཟླ་གསར་པ་བསྒྲིགས་ན་འཐུས། སྔ་མོ་བོད་རིགས་ལ་རུས་མིང་ཡོད་ཅིང་། བོད་ཡིག་གི་ལོ་རྒྱུས་དེབ་ཐེར་ནང་

འཁོད་པ་ལྟར་ན། གནའ་རབས་སུ་བོད་རིགས་ལ་རུས་མིང་ཆེ་བ་བཅོ་བརྒྱད་ཡོད་འདུག་ཅིང་། འོན་ཀྱང་སངས་རྒྱས་

ཆོས་ལུགས་དར་རྗེས་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་བརྡལ་དུ་རུས་མིང་ལ་རྒྱ་ཁྱབ་ཏུ་དོ་སྣང་བྱེད་པར་ཕྲུ་

གུ་སྐྱེས་རྗེས་བླ་མའི་དྲུང་དུ་བཅར་ནས་མིང་ཞུ་གི་ཡོད། དེར་བརྟེན་བོད་རིགས་ཀྱི་མིང་ལ་ཆོས་མིང་བཏགས་པ་ཤིན་

ཏུ་མང་། རྗེས་སོར་མི་རྣམས་ཀྱིས་རུས་མིང་འདོགས་སྲོལ་མེད་པར་གྱུར། སྐུ་དྲག་ཡིན་རུང་མིང་གི་མདུན་དུ་ཁྱིམ་ཚང་

གི་མིང་འབོད་ཚུལ་ལས་རུས་མིང་འབོད་སྲོལ་མེད། དཔེར་ན། གླང་མདུན་ཀུན་དགའ་དབང་ཕྱུག་དང་།    ལྷ་སྨོན་

བསོད་ནམས་ལྷུན་གྲུབ་ལྟ་བུ་ཡིན།    ཕལ་བའི་ཁྲོད་དུའང་ཁྱིམ་ཚང་གི་མིང་རང་མིང་གི་མགོ་རུ་རུས་མིང་ལྟ་བུར་

སྦྱར་བ་ཡོད་པ་དཔེར་ན། གྲོང་ཟུང་བཀྲ་ཤིས་དང་། རབ་གསལ་དོན་གྲུབ་ཟེར་བ་ལྟ་བུའོ།

།རུས་མིང་མེད་པས་རུས་རྒྱུད་ཚོ་པའང་མེད་པ་ཞིག་གྲུབ་པས་ཁྱིམ་ཚང་ནི་ཁེར་རྐྱང་དུ་གནས་པའི་ཚན་པ་ཆུང་ཆུང་

ལྟ་བུ་ཞིག་ཡིན། དཔལ་འབྱོར་གྱི་རྒྱུ་རྐྱེན་གྱིས་རྐྱེན་པས་ཁྱིམ་ཚང་གཅིག་ནང་ཆ་སྙོམ་མི་དྲུག་བདུན་ཙམ་ལས་མེད་པ་

དང་མི་རབས་ཁ་ཤས་རིང་གི་སྤུན་ཉེ་རྣམས་མཉམ་དུ་སྡོད་པ་ཤིན་ཏུ་ཉུང་། ཁྱིམ་ཚང་ནང་ནང་གི་ཨ་མ་ཞེས་བུད་

མེད་ཀྱིས་ལྟེ་བ་བྱེད་ཅིང་།     དེས་ཁྱིམ་ལས་དང་ཁྱིམ་གྱི་བཏང་འཛིན་བྱེད་ལ་ཁྱིམ་ཚང་དེ་ནང་གི་ངལ་རྩོལ་ནུས་

ཤུགས་གཙོ་བོ་ཞིག་ཀྱང་ཡིན། ལྷག་པར་དུ་བུ་རྒན་གཞོན་གཉིས་ལ་མནའ་མ་གཅིག་གིས་འཐུས་པའི་ཁྱིམ་ཚང་དུ་

བུད་མེད་ཀྱི་དབང་ཆ་དེ་བས་མཐོ་བར་བརྩིས་ཏེ་ཕྲུ་གུ་རྣམས་ཀྱང་གཙོ་བོ་ཨ་མའི་བཀའ་ལ་ཉན་དགོས། སྤུན་མཆེད་

ཀྱི་འབོད་ཚུལ་སྟབས་བདེ་ཡིན་པ་སྟེ་ཕ་མའི་ཕ་མར་སྤོ་བོ་དང་རྨོ་བོ་བོས་པས་འཐུས་པ་དང་།     རང་གི་ཕ་མ་དང་

བཟའ་ཟླའི་ཕ་མར་པཱ་ལགས་དང་ཨ་མ་ལགས་ཞེས་འབོད་ཅིང་། དེ་མིན་ཕ་རྒྱུད་ཀྱི་སྤུན་ཉེར་སྤྱི་མིང་དུས་སྐྱེས་པར་

ཨ་ཁུ་ལགས་དང་བུད་མེད་ལ་ཨ་ནེ་ལགས་འབོད་པ་དང་མ་རྒྱུད་ཀྱི་སྤུན་ཉེར་སྤྱི་མིང་དུ་སྐྱེས་པར་ཨ་ཞང་དང་བུད་

མེད་ལ་སྲུ་མོ་ཞེས་འབོད། གཞན་ཡང་རྣམ་ཀུན་མི་ཕན་ཚུན་འབོད་དུས་དཔེར་ན། གྲགས་པ་དབང་འདུས་ཞེས་ལྟ་

བུར་གྲགས་པ་དབང་འདུས་ལགས་ཞེས་འབོད་པ་དང་། ཟླ་བ་སྒྲོལ་མ་ཞེས་མི་འབོད་པར་ཟླ་བ་སྒྲོལ་མ་ལགས་ཞེས་

འབོད་པ་ལྟ་བུ་རེད། དབུས་གཙང་ཁུལ་དུ་རང་ལས་རྒན་པའི་སྐྱེས་པར་ཨ་ཁུ་ཆེ་གེ་མོ་འམ་ཨ་ཇོ་ཆེ་གེ་མོ་ཞེས་འབོད་

པ་དང་། རང་ལས་རྒན་པའི་བུད་མེད་ལ་ཨ་ལྕག་ཆེ་གེ་མོ་ཞེས་འབོད་པ་མང་། ཀོང་པོ་ཁུལ་དུ་སྐྱེས་པར་ཨ་དར་ཆེ་

གེ་མོ་ཞེས་འབོད་པ་དང་། ཆབ་མདོ་ཁུལ་དུ་སྐྱེས་པར་ཨ་ཕོ་ཆེ་གེ་མོ་ཞེས་འབོད་པ་ལྟ་བུའོ། །སྤྱིར་བཏང་ཁྱིམ་པ་ཕལ་

བའི་ཁྲོད་དུ་མི་རབས་གོང་མར་ཞེ་ས་བྱེད་པ་དང་མི་རབས་གོང་མས་རང་མཉམ་མམ་མི་རབས་འོག་མར་ཐད་ཀར་

མིང་ནས་འབོད་པ་ཡིན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།