ཁམས་རྟའུ་རྫོང་ལ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པ།

27/01/2012 23:15

 

ཁམས་རྟའུ་རྫོང་ལ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པ།

 

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༢༧ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དེང་སྐབས་བོད་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་རྟའུ་རྫོང་དང་རྫོང་མི་མང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་རེད་འདུག

རྒྱ་ནག་ཁྲིན་ཏུའུ་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་ཁ་པར་བརྒྱུད་གནས་ཚུལ་བརྗོད་དོན། “ཉེ་ཆར་ཚེས་༢༣ ཉིན་བྲག་འགོ་རུ་ངོ་རྒོལ་དོན་རྐྱེན་བྱུང་སྐབས་རྒྱ་ནག་ཁྲིན་ཏུ་ནས་རྒྱ་དམག་མང་པོ་ཞིག་བྲག་མགོའི་ཕྱོགས་སུ་འགྲོ་བཞིན་པ་རྟའུ་མི་མང་ནས་རླངས་འཁོར་ ༤༠ ལྷག་ཅིག་གིས་རྟའུ་ནས་བྲག་འགོར་འགྲོ་བའི་ལམ་བར་ནས་བགག་འགོག་བྱས་པ་དང་། དེ་ནས་རྟའུ་རྫོང་ཐོག་ཏུ་རྒྱ་དམག་ཕོན་ཆེན་བབ་ནས་སྲིང་ལམ་ཁག་ཏུ་ལྟ་སྲུང་བྱེད་སྐབས་མི་མང་གིས་དམག་དང་ཉེན་རྟོག་པའི་རླངས་འཁོར་དང་། ཉེན་རྟོག་ལས་ཁང་། སྲང་ལམ་གྱི་གློག་སྡོང་བཅས་ལ་རྡོ་གཞུ་བ་དང་། བྲག་མགོ་རུ་འགྲོ་སའི་གཞུང་ལམ་ལ་རྡོ་ཆེན་པོ་དང་ཤིང་སྡོང་ཆེན་པོ་འཕང་ནས་དམག་གི་ལམ་ཁ་བཀག་པ་སོགས་བྱས་ནས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་སོང་། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་དེང་སྐབས་རྟའུ་རྫོང་དང་རྫོང་ཁོངས་ཀྱི་མི་ཉག་དང་། གཡུ་ཁོག་སོགས་སུ་ཡང་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག་”དང་།
“དེ་བཞིན་རྟའུ་ནས་བྲག་འགོ་ལ་འགྲོ་མཁན་བོད་མི་ཡང་རྒྱ་ནག་གཞུང་གིས་བཀག་ཡོད་པ་དང། རྟའུ་ཁུལ་དུ་ཁ་པར་གྱི་འཕྲིན་བརྡ་བཅད་ནས་དེང་སྐབས་བོད་པ་ནང་ཕན་ཚུལ་ཁ་པར་འགྲོ་ཡི་ཡོད་པ་མ་རེད་”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་བརྗོད་དོན། “དེ་བཞིན་རྒྱ་ནག་ཁྲིན་ཏུ་ལ་ཡང་བོད་མི་འདུས་སྡོད་བྱེད་སའི་ཝོ་ཧོ་སུ་ལ་ཡང་རྒྱ་དམག་གིས་ལྟ་སྲུང་དམ་དྲག་བྱེད་ཀྱི་འདུག་ལ། སྔར་དང་མ་འདྲ་བར་མགྲོན་ཁང་ནས་སྒོར་ནམ་ཕྱིན་ལ་མིང་རྟགས་འགོད་དགོས་ཀྱི་འདུག་ཅེས་དང་། ད་ལོ་རྟའུ་དང་མི་ཉག་ཁུལ་གྱི་མང་ཚོགས་ཀྱིས་བོད་ཀྱི་ལོ་སར་གཏོང་གི་མེད་པ་རེད། ཐ་ན་ལོ་སར་གྱི་གསང་གཏོང་བ་རྟ་རྒྱུག་པ། ནང་མིའི་ཁ་ཟས་མངར་མོ་ཟ་བ་ཚུན་ཆད་མཚམས་འཇོག་བྱེད་ཀྱི་ཡོད་པ་རེད་”ཅེས་བརྗོད་སོང་།

ད་དུང་ཁོང་གིས་“སྔོན་མ་ནས་མི་ཉག་ཁུལ་གྱི་འབྲོག་པ་ཚོར་རྒྱ་ནག་གིས་བརྙན་འཕྲིན་དང་འཕྲིན་ལྷང་སྦྲག་མ་རེ་སྤྲད་ནས་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་སུ་བཅུག་ཡོད་པ་རེད། ཡིན་ནའང་། དེང་སྐབས་བརྙན་འཕྲིན་དང་འཕྲིན་ལྷང་དེ་ཡོད་པའི་ཁྱིམ་ཚང་གི་གནས་ཚུལ་ཚང་མ་རྒྱ་ནག་གིས་ཤིས་ཀྱི་ཡོད་པར་བརྟེན། འཕྲིན་ལྷང་དེ་ནི་འཕྲུལ་ཆས་ཀྱི་གསང་ཉུལ་བ་ཞིག་རེད་འདུག་ཅེས་བོད་མི་ཚོས་བརྗོད་ཀྱི་འདུག་”ཅེས་དང་། མུ་མཐུད་དུ་ཁོང་གིས་བརྗོད་དོན་ལ། “ཉེ་བའི་ལོ་ཤས་ནས་མི་ཉག་ཁུལ་དུ་སྒོ་ཕྱུག་འབྲི་གཡག་རྐུ་མཁན་མང་པོ་ཞིག་བྱུང་ཡོད་པ་དང་། སྡེ་བ་སོ་སོས་ས་སྲུང་བ་བཞག་ནས་རྐུན་མ་འཛིན་བཟུང་བྱེད་སྐབས། གཡུ་ཁོག་དང་མི་ཉག་ས་ཁུལ་འགའ་རེ་ནས་རྐུན་མའི་ཁྲོད་ན་རྒྱ་ནག་གི་ཉེན་རྟོག་པ་ཡོད་པ་ར་སྤྲོད་བྱུང་ཡོད་པ་པ་རེད་”ཅེས་བརྗོད་སོང་། མེ་སོར་གསར་འགོད་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།