བོད་ཀྱི་རྒྱལ་དར་

05/02/2009 00:03

                     ྋབོད་ཀྱི་རྒྱལ་དར་འགྲེལ་བཤད།

 ༑ དབུས་སུ་ལྷུན་སྟུག་གངས་ཀྱི་རི་བོ་བརྗིད་ཆགས་སུ་གནས་པས། གངས་རིའི་སྐོར་བའི་ཞིང་ཞེས་ཡོངས་སུ་གྲགས་པའི་བོད་རྒྱལ་ཁབ་ཆེན་པོའི་

ཡུལ་གྱི་བཀོད་པ་མཚོན། ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས།

སེ་དང༌། རྨུ། ལྡོང་དང༌། སྟོང་དང༌། བྲུ་དང༌། དབྲ་སྟེ་བོད་མི་རིགས་ཀྱི་ཕྱི་མོ་མིའུ་

གདུང་དྲུག་མཚོན། རིགས་ཀྱི་ཁ་དོག་དམར་པོ་དང༌། ནམ་མཁའི་ཁ་དོག་སྔོ་ནག་

སྤེལ་བས། རིང་ནས་འགོ་བའི་ལྷ་སྲུང་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་

འཕྲིན་ལས་གཡེལ་མེད་དུ་སྒྲུབ་པ་མཚོན། གངས་རིའི་རྩེ་ནས་ཉི་མ་ཤར་བའི་འོད་ཟེར་

རྒྱ་ཁྱབ་ཏུ་འཕྲོ་བས། བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་

སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན། གངས་རིའི་ངོས་སུ་མི་འཇིགས་གདོང་ལྔ་

འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས། ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་

ཆབ་སྲིད་ཀྱི་འཕྲིན་ལས་ཀུན་ལས་རྣམ་པར་རྒྱལ་བ་མཚོན། གོང་ན་ནོར་བུ་ཁ་དོགས་

གསུམ་ལྡན་འོད་འབར་མཛེས་པས། བོད་མི་ཡོངས་ཀྱིས་རྟག་ཏུ་སྐྱབས་གནས་དཀོན་

མཆོག་རིན་པོ་ཆེ་རྣམ་པ་གསུམ་གཙུག་ཏུ་བཀུར་བ་མཚོན། སེངྒེ་གཉིས་ཀྱི་

ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་དོགས་གཉིས་ལྡན་ཞིག་བཟུང་བས། ལྷ་ཆོས་དགེ་

བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སྙིང་པོར་གྱུར་བའི་ལུགས་ཟུང་བླང་དོར་

གྱི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན། མཐའ་ལྕགས་ཁ་དོགས་སེར་པོས་རྒྱན་པས། གསེར་སྦྱང་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་མུ་མེད་དུ་དར་ཞིང་

རྒྱས་པ་མཚོན་པ་བཅས་སོ།། །།

 

དཀོན་མཆོག་ནས་སྤྱི་ལོ་༢༠༠༩ ཕྱི་ཟླ་༢ ཚེས་༤ བྲིས་པ་དགེ།།


 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།