བརྟན་བཞུགས་

10/03/2009 20:21

ྋགོང་ས་མཆོག་ལ་བོད་གཞུང་མང་གཉིས་ཀྱི་བརྟན་བཞུགས།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་བོད་ལྗོངས་ལྷ་མི་ཡོངས་ཀྱིས་བརྟན་བཞུགས་ཕུལ་

ཡོད་པ་དང༌། ྋགོང་ས་མཆོག་གིས་སྐབས་དེར་སེར་སྐྱ་ལྷ་མི་ཚང་མས་དད་པ་དང་འདུན་པ། དམ་ཚིག་

ལྷག་བསམ་གཅིག་ཏུ་བསྒྲིལ་ནས་ཡོང་གི་ཡོད་པས། ངའི་ངོས་ནས་ཀྱང་དེ་བཞིན་ལྷག་བསམ་བསྐྱེད་ནས་

འདུན་པ་རིང་པོ་ད་དུང་ཡིན་ནའང་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོ་ཐུགས་བདེ་བོ་བྱས་ནས་བཞུགས་

རོགས་ཞེས་བཀའ་གནང་ཡོད་པ་རེད། དེ་ནི་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་

དྲན་གྱི་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཐོག་མ་དེ་ཡིན་པ་རེད།

བོད་གཞུང་མང་གཉིས་ནས་ྋགོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང༌།ཐུགས་ཀྱི་བཞེད་དགོངས་མཐའ་དག་

གེགས་མེད་ལྷུན་འགྲུབ་ཡོང་ཆེ་བླ་ལྷའི་བཀའ་ལུང་ཁག་གཞིར་བཟུང་ཞབས་རིམ་རྒྱ་ཆེ་བསྒྲུབས་དང་སྒྲུབ་

བཞིན་པ་མ་ཟད། ཟླ་འདིའི་ཚེས་༩ ཉིན་བོད་གཞུང་མང་ལྷ་མི་ཡོངས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་

ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་གཤོམས་ཐོག་ཞིང་མཆོག་

འདུས་པ་རྒྱ་མཚོར་བསྙེན་བཀུར་དང་འབྲེལ་ཟབ་ཆོས་གསང་བརྒྱ་ཅན་གྱི་ནང་ཚན་ཚེ་དཔག་མེད་དྭངས་མ་

བཅུད་འདྲེན་སྒོ་ནས་བརྟན་བཞུགས་ཕུལ་སྐབས། ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མཎྡྲལ་ལྗགས་

བཤད་གནང་བ་དང༌། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་

ཆེ་རྣམ་གཉིས་ཀྱིས་མཎྡྲལ་ཚོམ་བུ་འབུལ་བཞེས་གནང་བ་དང༌། གཏང་རག་མཎྡྲལ་གཞུང་མང་སྐུ་ཚབ་ཆོས་རིག་

བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཕུལ་ཡོད་པ་རེད།

  ྋགོང་ས་མཆོག་གིས་གསུང་དོན། འཛམ་གླིང་ས་ཕྱོགས་གང་ས་ན་གནས་བསྡད་ཡོད་པའི་གངས་ཅན་པ་དང༌། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་སུ་སྡུག་བསྔལ་འོག་དངངས་སྐྲག་བྱས་ནས་སྡོད་མཁན། བར་སྐབས་མནར་

གཅོད་འོག་ནས་འདས་གྲོངས་སུ་ཕྱིན་པ་ཚོའི་སེམས་ཀྱི་རང་དབང་ཁ་ཆེམས་ཀྱི་ཚུལ་དུ་དེ་རིང་འདིར་འདུན་པ་

གཅིག་ཏུ་བསྒྲིལ་ནས་བརྟན་བཞུགས་གནང་བ་ཡིན་པ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་བཞིན་འཛམ་

གླིང་འདིའི་ཐོག་ཡོད་པའི་དྲང་བདེན་ལ་དགའ་བའི་ལྷག་བསམ་གཞན་ཕན་གྱི་བསམ་པ་ཅན། ང་རང་གིས་ངོས་

ཤེས་པ་མང་པོ་ཞིག་གིས་འདུན་པ་གཏོང་གི་ཡོད་པ་རེད་བསམ་གྱི་འདུག དེ་བཞིན་རྒྱ་རིགས་ཆོས་གྲོགས་ཕོ་མོ་

ཚོའི་ནང་དུའང་ང་ཚོས་དངོས་སུ་མཐོང་སར་ཡོང་མཁན་འདུག་ལ། ལན་བསྐུལ་ཡོང་མཁན་ཡང་མང་པོ་ཡོང་

གི་འདུགཚང་མས་དད་པ་དང་དམ་ཚིག་བསྲེ་ལྷད་མེད་པ་བྱས་ནས་འདུན་པ་གཅིག་ཏུ་བསྒྲིལ་ཏེ་དེ་རིང་འདིར་

སྨོན་ལམ་རྒྱག་གི་ཡོད་པ་རེད། འདིར་དངོས་སུ་ཡོད་མཁན་དང༌། ལུས་པོ་དངོས་སུ་མེད་ནའང་བསམ་པ་འདིའི་

ཐོག་གཏོང་སྡོད་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་བོད་ལྗོངས་ལྷ་མི་སྤྱིས་བརྟན་བཞུགས་གནང་

བ་རེད། ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་གནང༌། ཐུགས་སྨོན་བདེན་ཚིག་གནང་བ་རེད། ནམ་རྒྱུན་འདུན་པ་རིང་པོ་གཏོང་གི་ཡོད། ལྷག་པར་དུ་སེར་སྐྱ་ལྷ་མི་ཚང་མས་འདུན་པ་ཆིག་སྒྲིལ་གྱི་ཐོག་

ནས་རིམ་འགྲོ་འདོན་འདུག་གི་ཡོད་པ་དང༌། ལྷག་པར་དུ་ཛ་དྲག་ཡོད་པའི་ཁ་ཐུག་ལ་དད་པ་དང་འདུན་པ། དམ་ཚིག་ལྷག་བསམ་གཅིག་ཏུ་བསྒྲིལ་ནས་ཡོང་གི་ཡོད་པས། ངའི་ངོས་ནས་ཀྱང་དེ་བཞིན་ལྷག་བསམ་བསྐྱེད་

ནས་འདུན་པ་རིང་པོ་ད་དུང་ཡིན་ནའང་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོ་ཐུགས་བདེ་བོ་བྱས་ནས་བཞུགས་

                                                རོགས་ཞེས་བཀའ་གནང་ཡོད་པ་རེད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།