དཔལ་འབྱོར་རང་ཁ་རང་གསོ་

12/03/2009 09:48

དཔལ་འབྱོར་རང་ཁ་རང་གསོ་བྱ་ཐུབ་དགོས།

དུས་བབ།

སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པ་མཆོག་ཞལ་བཞུགས་པའི་དུས་འདིར་ང་ཚོའི་གཞུང་ལ་དམིགས་བསལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མེད་ནའང། མ་འོངས་པར་ང་ཚོར་དཔལ་འབྱོར་ཐོག་དཀའ་ངལ་འཕྲད་མི་སྲིད་པ་མིན་སྟབས། དཔལ་འབྱོར་གྱི་གནས་སྟངས་དེ་རང་ཁ་རང་གསོ་ཐུབ་པའི་ཕྱོགས་ལ་འབད་དགོས་ཟེར།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཚོགས་དུས་བདུན་པའི་སྔོན་རྩིས་ཚོགས་འདུ་དེ་ཕྱི་ཚེས ༩ ཉིན་གྱི་ཉིན་རྒྱབ་ཏུ་སྐོང་ཚོགས་གནང་སོང་ལ།  སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གསར་བ་སྤེན་པ་ཚེ་རིང་མཆོག་གིས་བཀའ་བློན་ཁྲི་པ་དབུས་བཀའ་བློན་རྣམས་པ་དང་སྤྱི་འཐུས་རྣམས་པ། བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་ཡོངས་ལ་གྲོས་ཚོགས་བརྒྱུད་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག  ཐེངས་འདིའི་གྲོས་ཚོགས་ནང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང༌། རྒྱལ་བ་རིན་པོ་ཆེ་དབུས་བོད་མི་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་མཚམས་ཤིག་ལ་འཁེལ་ཡོད་སྟབས། ལོ་རྒྱུས་ཐོག་ནས་གལ་གནད་ཆེན་པོ་ཞིག་ཆགས་ཡོད། བོད་ནང་ཛ་དྲག་གི་གནས་སྟངས་ལ་གཞི་བཅོལ་ནས་ད་རེས་གྲོས་ཚོགས་ནང་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཁག་གསུམ་ཡོད།  སྤྱི་འཐུས་ཚང་མས་བོད་ནང་ཛ་དྲག་གི་ཆབ་སྲིད་གནས་སྟངས་དང༌། བོད་མི་ཚོས་ལས་འགུལ་སྤེལ་བ་དེར་གདུང་སེམས་མཉམ་སྐྱེད་དང༌། ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་ཐད་སྤྱི་འཐུས་རྒྱུན་ལས་ནས་གཞུང་འབྲེལ་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད། སྔར་ལོའི་ དམིགས་བསལ་ཚོགས་ཆེན་རྗེས་སྒྲུབ་དགོས་པའི་ལས་དོན་མང་པོ་ཞིག་ལྷག་བསྡད་པ་དེ་དག་ཇི་ལྟར་བསྒྲུབ་རྒྱུ་དང༌། མ་འོངས་པར་ཡང་དམིགས་བསལ་ཚོགས་ཆེན་དེ་ལྟ་བུ་དང༌། ཡང་ན་གཞན་པའི་ཚོགས་ཆེན་གང་འདྲ་དགོས་མིན་ཐོག་གྲོས་ཆོད་དང་བགྲོ་གླེང་གནང་དགོས།

 

དེ་བཞིན། རྒྱ་གཞུང་ལ་སྤྲད་པའི་འཆར་ཟིན་དེའི་ཐད་བཀའ་ཤག་གིས་གསལ་བཤད་བཅས་གནད་དོན་དེ་གསུམ་ལ་གྲོས་ཚོགས་ནང་བགྲོ་གླེང་བྱ་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད། ཅེས་དང༌།  ཐེངས་འདིའི་གྲོས་ཚོགས་གཙོ་བོ་དཔལ་འབྱོར་གྱི་ལས་དོན་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་ཞལ་བཞུགས་པའི་དུས་འདིར་བོད་གཞུང་ལ་དམིགས་བསལ་གྱི་དཀའ་ངལ་གང་ཡང་འཕྲད་མེད་མོད། མ་འོངས་པར་ང་ཚོ་དཔལ་འབྱོར་ཐོག་དཀའ་ངལ་འཕྲད་མི་སྲིད་པ་མིན་སྟབས། དཔལ་འབྱོར་གྱི་ཐད་ནས་ང་ཚོས་རང་ཁ་རང་གསོ་ཐུབ་པ་ཞིག་ལ་འབད་རྒྱུ་དེ་གནད་འགག་ཆེན་པོ་རེད་བསམ། ལྷག་པར་དུ་གཞི་རིམ་མང་ཚོགས་ནས་ས་གནས་གྲོས་ཚོགས་སོགས་ཀྱི་འགྲོ་སོང་དེ་རང་ཁ་རང་གསོ་བྱ་ཐུབ་པ་ཞིག་བྱུང་བ་ཡིན་ན། ང་ཚོའི་སྤྱི་ཚོགས་དེ་རྒྱུན་གནས་ཐུབ་པ་དང༌། མ་འོངས་དཔལ་འབྱོར་གྱི་ཐོག་དཀའ་ངལ་མི་འཕྲད་པའི་གཞི་རྩ་གཙོ་བོ་ཞིག་རེད། དེ་བཞིན།  ༧གོང་ས་མཆོག་ནས་བཀའ་སློབ་རིམ་པར་གསུངས་བ་དང་དམིགས་བཀར་ཤེས་ཡོན་དང་རིགས་གཅིག་རྐང་འཛིན། གཞིས་ཆགས་སྲ་བརྟན་ཐད་བཀའ་སློབ་བསྩལ་ཡོད་པས། རྩ་བའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེའི་སྐོར་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་ནའང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་ངོས་ནས་ཀྱང་ཡར་རྒྱས་གཏོང་བར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རཻད། ཅེས་གསུངས་བྱུང༌།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།