དྲྭ་ཚིགས་འདི་ནི་གུས་པའི་བསམ་ཚུལ་བྲིས་ས་ཡིན་ལ། དྲ་ཚིགས་འདི་ནང་གུས་པའི་མྱོང་འཚོར་འབྲི་རྒྱུ་

དང་སྤྱི་ཚོགས་གནས་སྟངས་སོགས་ལ་གཏམ་བཤད་བྱ་རྒྱུ་ཡིན།    སྤྱིར་རིག་གཞུང་ནོར་བུའི་གླིང་དུ་བློ་

རྨོངས་བདག་གིས་བྱི་དོར་བྱེད་འོས་མ་མཆིས་ཀྱང་།  ད་ལྟའི་དུས་འདིར་ནུབ་ཕྱོགས་གཙོ་བོར་གྱུར་པའི་

མི་རིགས་གཞན་གྱི་སྐད་ཡིག་ལ་དོ་སྣང་གིས་བོད་ཀྱི་སྐད་ཡིག་ལ་ཕྱོགས་གང་ཐད་ནས་བདག་སྐྱོང་བྱེད་

མཁན་ཉུང་དུ་འགྲོ་བཞིན་པའི་དུས་འདིར་ནུས་ཤུགས་ཡོད་ཚད་ཀྱིས་རྩ་ཆེ་བའི་བོད་ཀྱི་སྐད་ཡིག་ལ་རྒྱུད་

འཛིན་བྱེད་འདོད་ཤིན་ཏུ་ཆེ།   ཡིན་ནའང་།   རང་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་སྟེ་ཤ་ཁྲག་གི་

མཆོད་པ་འབུལ་ཐུབ་པའི་དཔའ་བོ་ཞིག་མིན་ཡང་། སྣ་ཚོགས་གཞུང་ལུགས་ལ་མཁས་ཞིང་རང་གི་རིག་

གཞུང་བཟུང་སྟེ་བོད་སྤྱི་ལ་ཕན་པའི་མཁས་པ་ཞིག་དེ་བས་ཀྱང་མིན། འོན་ཀྱང་།  རང་ཉིད་བོད་མི་ཞིག་

ཡིན་པ་ནམ་ཡང་བརྗེད་ཐབས་བྲལབ་དང་། རང་ཅག་གི་ལུས་ན་རྒྱུ་བའི་ཟུང་ཁྲག་དྲོན་མོ་འདི་སུ་ཞིག་

གིས་སྤྲད་པ་ཡིན། བསམ་ཡུལ་ལས་འདས་པར་ང་ཚོར་ཐོབ་པ་ནི་བརྗེད་ཐབས་མེད་པའི་ཁྲག་གི་ལེའུ་དང༌།

བཟོད་ཐབས་བྲལ་བའི་རྣག་གི་རྨ་ཁ་ཞིག དེ་འདྲའི་རྒྱ་དམར་གྱི་བརྙས་བཅོས་དང་གནར་གཅོད། གཡོ་རྒྱུའི་

འོག གདོང་དམར་ང་ཚོ་ནམ་ཡང་སེམས་ཤུགས་ཆག་དགོས་དོན་མེད། གང་ལྟར། གངས་རི་ལས་ཆས་པའི་

གདོང་དམར་མི་རེ་ངོ་རེའི་ཕྲག་ཏུ་འགན་འཁྲི་ཞིག་ཡོད་པས། དེ་ང་ཚོས་ནམ་ཡང་བརྗེད་མི་རུང༌། དེ་བས།

དུས་རབས་ཉེར་གཅིག་ནི་ང་ཚོར་མཚོན་ན་ཆེས་ཛ་དྲག་དང་མར་མེ་སྣུམ་ཟད་ཀྱི་དུས་སྐབས་ཤིག་ཡིན་པས།

ང་ཚོས་ཉི་མ་གང་འཁྱོལ་བྱས་ན་ག་ལ་འགྲིག ཆེས་སེམས་སྐྱོ་དགོས་པ་ཞིག་ནི། རང་བཙན་མེད་དབང་གིས་

སྤུན་ཟླ་རྣམས་སྤྲང་པོ་བཞིན་གནས་ངེས་མེད་གང་སར་འཁྱམས་ཤིང༌། ཡུལ་སོ་སོའི་གོམས་སྲོལ་དང་སྐད་ཡིག་

འདྲ་མིན་གྱིས་ང་ཚོ་ལ་རྨས་སྐྱོན་ཕོག་པ་མ་ཟད། དེང་དུས་དབྱིན་ཡིག་ནི་རྒྱལ་སྤྱིའི་སྐད་ཡིག་ཡིན་སྟབས། བོད་

མི་ཀ་ཁ་མི་ཤེས་མཁན་མི་ཉུང་བས། སོ་སོའི་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུ་ཕར་བཞག ABCD  ཡི་རྗེས་

འཇུག་པ་བྱས་ནས། དེ་མ་ཤེས་པའི་གདུང་བ་དང་སྨྲེ་ངག་སྒྲོགས། ད་དུང་ཆེས་བསམ་བློའི་ནང་ཤོང་དཀའ་བ

ཞིག་ནི། བོད་མི་ལ་ལས་བོད་ཡིག་སྦྱངས་ན་ཅི་བྱེད། ཁ་ལག་ནི་མི་རག མདུན་ལམ་ནི་མེད། ཅེས་བརྗོད། ངོ་མ་

དེའི་རིགས་ནི་བོད་མིའི་ངོས་ནས་བརྗོད་ན། ཆེས་ཞབས་འདྲེན་དང༌། ཆེས་ངོ་ཚ་དགོས་པ་ཞིག་རེད། མེས་པོ་

ཚོས་ང་ཚོར་བཞག་པ་ནི། རྩ་ཆེན་སྐད་ཡིག་དང་རིག་གཞུང་རྣམས་ཡིན་པས། ང་ཚོས་དེ་རྣམས་ལ་དོ་སྣང་ཏིལ་

འབྲུ་ཙམ་ཡང་མ་སྤྲད་ན་ཉིན་ཞིག་རྩ་ཆེན་སྐད་ཡིག་དང་རིག་གཞུངརྣམས་རྒས་ནས་འཆི་ངེས་རེད། སྐབས་དེ་

དུས་མི་རིགས་དེ་ཡང་ཁ་ཆག་སྣ་རལ་ཞིག་མ་གཏོགས་ལང་ཚོའི་རྣམ་པ་ག་ལ་ལྡན། དེ་བས་བོད་ཅེས་པའི་ཡིག་

འབྲུ་དེ་ཡང་ཚིག་མཛོད་ནང་བཙལ་རུང༌། མུན་ཁྲོད་ལག་བསྙབ་བྱས་པ་བཞིན་རྙེད་དཀའ། དེར་བརྟེན་ང་ཚོས་

དཔེ་དེབ་རྣམས་མཆོད་བཤམ་ནང་མ་བསྒྲིགས་པར་བོད་མི་རེ་རེས་ཕྱར་གྲུ་མཉམ་འདེགས་ཀྱིས་སྦྱངས་པ་བྱོས་

དང༌། ད་གཟོད་ང་ཚོའི་རྒས་བཞིན་པའི་སྐད་ཡིག་དེར་ལང་ཚོའི་མེ་ཏོག་ལོས་བཞད། དེ་དུས་མི་རིགས་གཞན་

གྱི་སྐད་ཡིག་སྦྱངས་ཀྱང་སྦྱངས་རིན་ཡོད་ལ། དེས་ལང་ཚོའི་མེ་ཏོག་ལ་མཛེས་རྒྱན་ཞིག་ཀྱང་སྤྲོད་ངེས། སྟབས་

དེ་དང་བསྟུན་ང་ཚོར་ཤེས་ཡོན་གྱི་གཤོག་ཟུང་རྒྱས་ཤིང་ལག་ཏུ་སྨྱུ་གུ་ཐོགས་ནས་རྒྱ་དམར་དང་འཐབ་རྩོད་

བྱ་ཆོག་ལ། རང་དབང་གི་སྤྱི་ཚོགས་ཁྲོད་ངོ་ཚོས་ལོ་རྒྱུས་ཀྱི་བདེན་དཔང་མིག་སྔར་བཤམས་ཏེ་རང་བཙན་སླར་

གསོའི་ནུས་པ་སྟོན་དགོས་པ་ཡིན། འདི་ནི་ཐབས་མཁས་བསྟུན་མཐས་དང་ཐབས་བརྒྱ་བྱུས་སྟོང་གི་ཞི་མོལ་ན་

ལས་འཐབ་འཛིང་དང་གཉའ་གནོན། བཤུ་གཞོག་དང་ལྟེས་དབང་གིས་འགྲུབ་མི་ཐུབ་པའི་འདས་དོན་གྱི་ལོ་

ཟླས་ར་སྤྲོད་ཐུབ་པ་ཡིན། གང་ལྟར་ང་ཚོར་བདེན་པའི་དཔང་རྟགས་ཡོད་པས་སྔ་ཕྱི་མ་གཏོགས་རང་བཙན་

ཐོབ་ངེས་རེད། དེར་བརྟེན་བོད་ཡིག་ནི་བླ་རི་དང་བོད་སྐད་ནི་སྲོག་ཤིང་ཡིན་པས་སྦྱང་པ་བྱོས་དང་མེས་རྒྱལ་

འདི་ཉིད་སྔར་ལས་རྣམས་པར་རྒྱལ་པའི་རྒྱལ་ཁབ་སྟོབས་འབྱོར་ཅན་ཞིག་ཏུ་བསྐྲུན་རྒྱུ་ནི།

ང་ཚོ་གཞོན་ནུའི་བླ་མེད་ཀྱི་ཕུགས་བསམ་དང་འགན་འཁྲི་ཞིག་ཡིན་པས་མདུན་བསྐྱོད་ཀྱི་དར་ཆ་བསྒྲེང་

ཨང༌།།བློས་ཐུབ་ཀྱི་སྤུན་ཟླ་ཚོ། ངས་མི་ལོ་དགུའི་བར་དུ་ནམ་ཡང་བརྗོད་མི་ཚར་ལ་ནམ་ཡང་རྫོགས་རྒྱུ་མེད་

པའི་སྙིང་གཏམ་ནི་མི་རིགས་ཤིག་གི་བདེ་སྡུག་ལ་བསམ་གཞིགས་བྱེད་རྒྱུ་དེ་ཡིན་ཞེས་བཤད་ཆོག ངས་ཁྱེད་

ཚོ་ལ་ཞུ་འདོད་པ་ནི་ང་ཚོའི་འོད་སྟོང་གི་ལམ་ཆེན་ཡིན་ལ་ང་ཚོའི་མ་འོངས་པའི་དམིགས་ཡུལ་ཡང་ཡིན་

ཟེར་ཆོག  ང་ཚོ་ལ་ཐུན་མོང་གི་འོས་འགན་ཞིག་ཡོད་པ་ནི་རིན་ཐང་ཆེ་བའི་རང་ཅག་གི་མེས་པོ་སྟོང་གིས་

རྔུལ་ཆུ་ལས་བརྫིས་པའི་བོད་མི་རིགས་ཀྱི་སྐད་ཡིག་དང༌།  རིག་གཞུང༌།གོམས་སྲོལ་སོགས་ཀྱི་ནུས་པ་རྐྱེན་

འདས་སུ་འགྲོ་བཞིན་པར་གཞོགས་འདེགས་སུ་སྒྲུབ་རྒྱུ་དེ་ཡིན་ཞིང་བརྒྱུད་ལམ་དེའི་རིམ་པར་མི་རེ་དོ་རེས་

རང་ཉིད་ལ་འགན་འཁུར་ཞིག་ཡོད་པ་ང་ཚོ་ཐོག་མཐའ་བར་གསུམ་གྱི་བོད་མི་ཡོད་དོ་ཅོག་གིས་ནུས་པ་

ཆ་ཚང་བཀོལ་རྒྱུའུ་དམིགས་ཡུལ་ཕྱོགས་གཅིག་ཏུ་བསྡུས་ནས་ལས་གཞི་སྣ་ཚོགས་སྒྲུབ་དགོས་པའི་གནད་

དོན་གཙོ་བོ་རེད་ཅེས་བཤད་ཆོག    དེ་རིང་གི་ང་ཚོའི་གནས་སྟངས་ལ་བལྟས་ན།   མི་རིགས་ཤིག་གི་ཤི་

གསོན་དང༌། རྒྱལ་ཁབ་ཅིག་གི་ཆགས་འཇིག་གི་འཕྲང་ལམ་བརྒལ་ཡོང་དུས་ང་ཚོ་མི་རེ་ངོ་རེའི་ངོས་ནས་

བོད་མི་རིགས་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་ལོ་རྒྱུས་ཀྱི་གླེགས་བམ་ཀློག་རྒྱུ་ཧ་ཅང་གལ་ཆེ།  ལྷག་པར་

དུ་ང་ཚོས་རང་ཉིད་ཀྱི་ལག་པ་རང་གི་བྲང་ཁར་བཞག་སྟེ་བསམ་གཞིགས་ཤིག་བྱོས་དང༌།  ང་ཚོ་ནི་དཔལ་

འབྱོར་གྱི་བཙན་བྱོལ་བ་མིན་ལ་འགན་བབས་མེད་པའི་སྤྲང་པོའང་མིན། ང་ཚོ་ནི་ཆབ་སྲིད་ཀྱིས་ཕོངས་པའི་

བཙན་བྱོལ་བ་དང་མི་རིཌ་ཤིག་གི་བདེན་མཐའ་རྩོད་པའི་སློང་མོ་བ་ཡིན་པ་ནམ་ཡང་མ་བརྗེད་རོགས།། །།

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Free family website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།